འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་14ཉིན།

༄༅།།ཀྲུང་གོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་13ཉིན། 13:36】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཚེས་12ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས། ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་དབྱིན་ཞི་ཡུའེ་ཡིས་དེ་རིང་གི་གཏམ་བཤད་ནང་ཀྲུང་གོའི་སྤྱི་དམངས་ཀྱིས་ཁོ་རེ་ཡ་ལྷོ་མའི་བདེ་འཇགས་ལ་འཇིགས་སྣང་སྐུལ་བའི་གྱོད་དཔེའི་སྐོར་གླེང་བ་དང་། ད་དུང་ཀྲུང་གོས་ཐོན་སྐྱེད་བྱས་པའི་ཉི་ནུས་སོགས་སྒྲིག་ཆས་ཀྱིས་ཁོ་རེ་ཡ་ལྷོ་མའི་ནགས་ཚལ་ལ་གཏོར་བཤིག་གཏོང་རྒྱུ་རེད་ཅེས་བཤད། ཀྲུང་གོའི་སྲིད་གཞུང་ལ་དེའི་ཐད་ལྟ་སྟངས་གང་འདྲ་ཡོད་དམ་ཞེས་དྲིས།

མའོ་ཉིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་ལ་དོ་སྣང་བྱུང་ཡོད། ཁོ་རེ་ཡ་ལྷོ་མ་ཕྱོགས་ཀྱི་གོང་གི་གཏམ་བརྗོད་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ལ་དེ་གཏན་ནས་མི་འཐད། ཀྲུང་གོ་ཕྱོགས་ནས་ཁོ་རེ་ཡ་ལྷོ་མའི་ནང་སྲིད་ལ་དཔྱད་གཏམ་མི་བརྗོད་མོད། འོན་ཀྱང་ཁོ་རེ་ཡ་ལྷོ་མ་ཕྱོགས་ཀྱིས་ནང་སྲིད་ཀྱི་གནད་དོན་དེ་ཀྲུང་གོ་དང་འབྲེལ་བ་ཡོད་པའི་རྒྱུ་རྐྱེན་དང་སྦྲེལ་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་གོའི་གསང་མྱུལ་ཟེར་བ་འུད་སྒྲོག་བྱས་ནས་རྒྱུན་ལྡན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྫད་ན། ཀྲུང་གོ་དང་ཁོ་རེ་ཡའི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་ཡོང་བར་ཕན་ཐོགས་མེད།

མའོ་ཉིང་གིས་ནན་བཤད་བྱས་དོན། ཀྲུང་གོའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ས་གནས་དེ་གའི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱ་དགོས་པའི་བླང་བྱ་བཏོན་པ་དང་། ཁོ་རེ་ཡ་ལྷོ་མ་ཕྱོགས་ཀྱིས་བཏོན་པའི་འབྲེལ་ཡོད་གྱོད་དོན་ལ་ད་དུང་བསྡོམས་ཚིག་བཀོད་མེད་པ་ང་ཚོས་དོ་སྣང་བྱུང་ཡོད། ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མའི་འབྲེལ་ཡོད་སྡེ་ཁག་གིས་ཐོག་མཐའ་བར་གསུམ་དུ་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སླར་ཡང་ཁོ་རེ་ཡ་ལྷོ་མ་ཕྱོགས་ལ་ཀྲུང་གོ་དང་འབྲེལ་བ་ཡོད་པའི་སྤྱི་དམངས་ཀྱི་གྱོད་དོན་ཐག་གཅོད་དྲང་གཞག་བྱེད་དགོས་པའི་སྐུལ་ལྕག་བྱ་རྒྱུ་དང་། དུས་ཐོག་ཏུ་ཀྲུང་གོ་ཕྱོགས་ལ་གྱོད་དོན་ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་ནས། འབྲེལ་ཡོད་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱ་དགོས།