གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 11ཚེས་27ཉིན། 09:44】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་11ཚེས་22ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ(གཤམ་དུ་ལུས་རྩལ་འགྲན་ཚོགས་ཞེས་བསྡུ་རྒྱུ)ཧའེ་ནན་སན་ཡཱ་རུ་འགོ་ཚུགས་པ་རེད། ལུས་རྩལ་མཚམས་སྦྱོར་དུ་བྱེད་པ་དང་། རིག་གནས་སྦྲེལ་ཟམ་དུ་བྱེད་པ། མཐུན་སྒྲིལ་རྩ་བར་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་56གི་ལུས་རྩལ་པ་ཁྲི་ཙམ་དང་སྐུ་མགྲོན་རྣམས་མེ་ཏོག་རབ་ཏུ་བཞད་པའི་ལུའུ་གྲོང་དུ་འཛོམས་ནས་མི་རིགས་མཐུན་སྒྲིལ་གྱི་ཚོགས་འདུ་གཟབ་རྒྱས་དང་མང་ཚོགས་ལུས་རྩལ་གྱི་ཚོགས་འདུ་གཟབ་རྒྱས་མཉམ་དུ་གཉེར་བ་རེད།
ལོ་བཞི་རེར་ཐེངས་རེ་སྤེལ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་1953ལོར་གཉེར་འགོ་ཚུགས་ནས་ད་བར་བགྲང་བྱ་71སོང་ཡོད། དེ་ནི་རང་རྒྱལ་གྱི་ལོ་རྒྱུས་ཐོག་དུས་ཡུན་རིང་ཤོས་ཀྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོ་འཛུགས་པའི་གཞི་རྟེན་གལ་ཆེན་དུའང་གྱུར་ཡོད།
དུས་རབས་གསར་པར་རང་རྒྱལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། མི་རིགས་ཁག་གི་མི་དམངས་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་སྔར་བས་གཏིང་ཟབ་ཏུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པས་མི་རིགས་ཁག་གི་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། གསར་གཏོད་བཅས་བྱུང་ཡོད།
རང་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་ཆར་སྣ་མང་གི་ས་གནས་རིག་གནས་བཏོད་དེ་མི་རྣམས་ཀྱི་གྱོན་གོས་མི་འདྲ་བ་དང་ཡུལ་སྐད་ལ་ཧེ་བག་ཡོད་ནའང་རྩ་བ་གཅིག་ཏུ་འདྲེས་པ་དང་གཅིག་སེམས་གཅིག་ལ་སྦྲེལ་ཡོད། མི་རིགས་ཁག་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཡིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་དད་སེམས་གཅིག་མཚུངས་དང་། རིག་གནས་མཉམ་འདྲེས། དཔལ་འབྱོར་རྟེན་རེས། བརྩེ་སེམས་འཆམ་མཐུན་བཅས་ཡིན། གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱིས་གནམ་མཐའ་མཚོ་གཏིང་བར་དུ་བརྩེ་སེམས་ཟབ་མོས་དམ་པོར་སྦྲེལ་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་ཁྱོན་འགྲན་བསྡུར་རྣམ་གྲངས་18ཀྱི་རྣམ་གྲངས་ཆུང་བ་149དང་འཁྲབ་སྟོན་རྣམ་གྲངས་ཆེ་རིགས་གསུམ་གྱི་རྣམ་གྲངས་ཆུང་བ་170ཡོད་པས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཉམས་འགྱུར་གང་ལེགས་མངོན་ངེས་རེད། ལུས་རྩལ་འགྲན་ཚོགས་གཉེར་རྒྱུ་མཐའ་འཁྱོངས་བྱས་པ་བརྒྱུད་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་མང་པོ་ཞིག་སྐྱེ་བོ་ཀུན་གྱི་མིག་མདུན་དུ་མངོན་ཏེ་རིག་གནས་ཀྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱུང་ཡོད།
ཀྲུང་གོའི་མི་རིགས་56གི་ལུས་རྩལ་པས་སོ་སོའི་འགྲན་རར་་འབད་འབུངས་ཧུར་ཐག་དང་མཉམ་དུ་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱས་ཤིང་། ཁོང་ཚོ་ནི་ཀྲུང་གོའི་ལུས་རྩལ་གྱི་སྟོབས་གསར་དམག་དཔུང་ཡིན་ལ། ཀྲུང་ཧྭའི་ཤེས་དཔལ་གྱི་རྒྱུན་འཛིན་པ་ཡིན་པ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མཉམ་དུ་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་བུ་ཕྲུག་བཟང་པོ་དེ་བས་ཀྱང་ཡིན།
ཤིན་ཧྭ་གསར་འགྱུར་ཁང་སན་ཡཱ་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་།