འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་26ཉིན།

༄༅།།མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གྱི་འབྲི་ཆུའི་ཆུ་འགོ་གྲོང་ཚོས།

འབྲི་ཆུའི་ཆུ་འགོ་ནི་ང་ཚོའི་ཁྱིམ་གཞིས་ཡིན།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་26ཉིན། 15:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཧྥུང་ཧྭ་དང་ཆའོ་ཏུང་།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གྱི་ལྷོ་འདབས་ནས་འབྲི་ཆུའི་ཆུ་འགོའི་གདང་ལ་གྲོང་རྡལ་དབར་བར་ཐག་སྤྱི་ལེ་420ཡོད། ལོ་20ཡི་གོང་གི་སྟོན་དུས་སུ་རྒྱལ་ཁབ་ཀྱི་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་སྲིད་ཇུས་དང་ལེན་བྱ་ཆེད། མི་རབས་ནས་མི་རབས་བར་རྩྭ་ཆུ་བཟང་སར་སྐྱས་སྤོ་བའི་འབྲོག་དུད་128ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཟིན་པའི་ཐོག་ཐོན་གཙང་པོའི་ས་ཁུལ་ནས་སྤོས་ཡོང་བ་ཞིག་རེད། “འབྲི་ཆུའི་ཆུ་འགོ་གྲོང་ཚོ་ཞེས་མིང་འདོགས་དོན་ནི་འབྲི་ཆུའི་ཆུ་འགོ་ཡིན་པ་དང་ཆུ་འཐུང་དུས་ཆུ་འགོ་དྲན་པ་ལྟར་ཏང་གི་བཀའ་དྲིན་བརྗེད་མི་རུང་བའི”དོན་ཡིན་ཞེས་འབྲི་ཆུའི་ཆུ་འགོ་གྲོང་ཚོའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་ཀུན་དགའ་རྣམ་རྒྱལ་གྱིས་བཤད།

ཡུལ་མི་ཚོས་དེ་སྔ་ཕྱུགས་འཚོ་སའི་ཐོག་ཐོན་གཙང་པོ་ཡོད་སར“ཕ་ཡུལ”ལམ“རི་སྟེང”ཞེས་འབོད་ཀྱི་ཡོད། འབྲི་ཆུའི་ཆུ་འགོ་གྲོང་ཚོའི་དུད་ཚང་ཚང་མར་སྐྱེ་ཁམས་བདག་སྐྱོང་བ་རེ་ཡོད་པ་དང་རྩྭ་ཁ་བཀག་པའི་རྩྭ་ར་མུའུ་ཁྲི་501སྲུང་བཞིན་ཡོད།

ད་ལོའི་རྒྱལ་སྟོན་གུང་གསེང་རིང་། ནོར་བུ་བསམ་གྲུབ་ཀྱིས་རྩྭ་རར་སྐོར་སྲུང་ཐེངས་གཅིག་བྱས་ཤིང་། སྐོར་སྲུང་ཐེངས་རེ་བྱེད་པར་ཁུ་ནུ་རི་བོ་བརྒལ་དགོས་ལ། མུ་ཏིག་ཚ་ཆུ་དང་། སྨུག་པ་ལ། བ་ཡན་མདུང་རྩེ་བཅས་བརྒལ་ཚེ་གཞི་ནས་རང་ཉིད་ཀྱིས་སྐོར་སྲུང་བྱ་ཡུལ་དུ་སླེབས་ཐུབ། “སྐོར་སྲུང་ཐེངས་རེ་བྱེད་པར་ཉིན་གསུམ་བཞི་འགོར་གྱི་འདུག གཙོ་བོ་རྩྭ་ཐང་ལ་གཏོར་བཤིག་བཏང་ཡོད་མེད་དང་རི་སྐྱེས་སྲོག་ཆགས་སྐྱེ་འཕེལ་གྱི་གནས་ཚུལ་སོགས་ཐོ་འགོད་བྱེད་དགོས། ད་ཐེངས་ས་ཆ་ཁག་གཅིག་ལ‘འདམ་རྫབ་ལངས’པ་མཐོང་བྱུང་བས་འཕྲལ་མར་པར་བརྒྱབ་ནས་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་པ་ཡིན”ཞེས་ནོར་བུ་བསམ་གྲུབ་ཀྱིས་བཤད། “ང་ཚོ་འབྲི་ཆུའི་ཆུ་འགོ་ནས་ཡིན་པས། འབྲི་ཆུའི་ཆུ་འགོར་དེ་བས་སྲུང་སྐྱོང་བྱེད་དགོས། ས་ཆ་འདིར་གཞིས་ཆགས་ན་ང་ཚོར་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་སྲིད”ལོ་26ལ་སླེབས་པའི་འདམ་རའི་སྐྱེ་ཁམས་བདག་སྐྱོང་བ་བློ་བཟང་རྒྱ་མཚོས་སྐྱེ་ཁམས་བདག་སྐྱོང་བས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་རྒྱལ་ཁབ་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་མ་དངུལ་དང་གཟིགས་སྐྱོང་སྲིད་ཇུས་ཁག་ལོངས་སུ་སྤྱོད་རྒྱུ་ཡོད་ཅེས་བཤད།

ལོ་འདི་དག་རིང་། འབྲི་ཆུའི་ཆུ་འགོ་གྲོང་ཚོས“ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ”མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གཏན་འཁེལ་བྱས་ཡོད། གྲོང་ཚོའི་ཨུ་ལྷན་གཉིས་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་སྐྱེ་ཁམས་གནོད་མེད་ཀྱི་ཚགས་ཤ་དང་ལུག་ཤའི་ལས་སྣོན་ཕྱིར་ཚོང་རྟེན་གཞི་བཙུགས་པ་དང་། གྲོང་ཚོའི་ལོ་རྒྱུས་ཁང་དང་། “བོད་པ་ཚང”དམངས་སྲོལ་ཁང་། “འབྲི་ཆུའི་འབྲོག་གླུ”སྦྲ་གུར་སོགས་ཀྱི་རྣམ་གྲངས་བཏོད་ཡོད། (པ་ཕན་གྱིས་བསྒྱུར། རྡོ་རྗེ་དང་པ་ཕན་གྱིས་ཞུས)