འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་26ཉིན།

༄༅།།བོད་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བདེ་འཇགས་དྲ་བ་མུ་མཐུད་བརྟན་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་26ཉིན། 10:00】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་བྱ་ཐབས་གསར་པ་རབ་དང་རིམ་པ་སྤྱད་དེ་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། ཉེན་ཁ་དབྱེ་འབྱེད། ལྟ་ཞིབ་ཚད་ལེན། ཉེན་ཟོན་སྔོན་བརྡ། དུས་ཐོག་ཏུ་ཐག་གཅོད་བཅས་བྱེད་པའི་གདུབ་ཟུམ་དོ་དམ་མ་ལག་ཅིག་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱིས་རྒྱུན་ཆད་མེད་པར་ཏང་སྲིད་འགན་འཁྲི་མཉམ་འཁུར་ལ་ཤུགས་སྣོན་རྒྱག་པ་དང་། སྡེ་ཚན་གྱི་འགན་འཁྲི་གཙོ་བོ་ཁ་གསལ་བཟོ་བ། གཞི་རིམ་གྱི་ནགས་སྲུང་འགན་འཁྲི་བརྟན་དུ་གཏོང་བ་བཅས་ཀྱི“འགན་འཁྲི་གསུམ་མཉམ་འགུལ”གྱི་ཐོག་ནས་དུས་བཀག་ཐོག་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཚོགས་འདུ་འཚོགས་ཏེ་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་གནད་ལ་འཁེལ་བའི་སྒོ་ནས་ཁ་གཏད་གཅོག་ཐབས་བཟོས་པ་རེད། དེ་དང་ཆབས་ཅིག་ནགས་ཚལ་དང་རྩྭ་ཐང་ཁོངས་གཏོགས་ཀྱི་ལས་བཟོ་དང་དེ་བཞིན་ནགས་སྲུང་བ་སྒྲིག་འཛུགས་ཀྱིས་འཐབ་ས་དང་པོར་བསྐྱོད་དེ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་རྒྱུན་གཏན་གྱི་སྐོར་གཡེང་བྱས་ནས་མངོན་མེད་ཀྱི་མེ་སྐྱོན་ཉེན་ཁ་ནུས་ལྡན་ངང་བསལ་བས་མིས་བཟོས་མེ་སྐྱོན་ཐོན་ཚད་ཆེས་ཆེར་ཉུང་དུ་ཕྱིན་ཡོད་པ་རེད།

    མེ་ཟོན་སྟོབས་ཤུགས་ཆེ་རུ་གཏོང་ཆེད། བོད་ཀྱིས་ད་ཡོད་ཀྱི་ནགས་སྲུང་དཔུང་ཁག་སྲ་བརྟན་དུ་གཏོང་བ་དང་། ཆེད་ལས་ཕྱེད་ཙམ་གྱི་དཔུང་ཁག་འཛུགས་པ། ཆེད་ལས་ཅན་གྱི་མེ་ཟོན་དཔུང་ཁག་འཛུགས་པ་བཅས་ལ་ཤུགས་སྣོན་བརྒྱབ་ཡོད། ལྗོངས་ཡོངས་ཀྱི་སྤྱི་ཕན་ནགས་ཚལ་བདག་སྐྱོང་ས་ཚིགས་ཀྱི་དྲ་མིག་ལ་བརྟེན་ནས། གཞི་རིམ་གྱི་ནགས་སྲུང་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས། ཉིང་ཁྲི་དང་ཆབ་མདོ་སོགས་སུ་ནགས་ཚལ་མེ་ཟོན་འཕྲལ་སྒྲུབ་རུ་ཁག་བཙུགས་ཏེ། མ་དངུལ་གྲབས་གསོག་དང་དགོས་ངེས་ཀྱི་དངོས་ཟོག་སྒྲིག་སྦྱོར་ཧུར་ཐག་བྱས་ནས། རྒྱུན་གཏན་གྱི་དོ་དམ་དང་ཆེད་ལས་ཀྱི་རྩལ་ནུས་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ཡོད། རྫོང་དང་ཆུས་ཁག་གཅིག་གིས་ཀྱང་ས་གནས་ཀྱི་ཆེད་ལས་མེ་ཟོན་དཔུང་ཁག་འཛུགས་པའི་ལས་དོན་ཧུར་ཐག་སྤེལ་བཞིན་ཡོད་པ་རེད།

    ད་ཡོད་ཀྱི་ཞན་ཆར་དམིགས་ཏེ་བོད་ཀྱིས་གྲངས་འཛིན་ཅན་འཛུགས་སྐྲུན་དང་། གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད། མེ་ཟོན་འགྲོ་ལམ་བཅས་ཕྱོགས་གསུམ་ལ་ཤུགས་སྣོན་བརྒྱབ་ཡོད། ས་གནས་ཁག་ལ་མེ་ཟོན་གྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡའི་མ་ལག་འཛུགས་པར་མཛུབ་ཁྲིད་བྱས་ཏེ། ཚན་རྩལ་གྱི་མེ་ཟོན་ཆུ་ཚད་མཐོ་རུ་བཏང་བ་དང་། མ་དངུལ་བཏང་སྟེ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས། དངོས་ཟོག་གྲབས་གསོག་དང་ཆ་འཕྲིན་ཅན་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། མེ་ཟོན་འགྲོ་ལམ་སྐྲུན་མགྱོགས་སུ་བཏང་བ་རེད།