གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 11ཚེས་24ཉིན། 13:34】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་11ཚེས་22ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་འགོ་ཚུགས་མཛད་སྒོ་ཧའེ་ནན་ཞིང་ཆེན་སན་ཡཱ་གྲོང་ཁྱེར་དུ་འཚོགས་ཤིང་། འདི་ནི་འགོ་ཚུགས་མཛད་སྒོའི་ཐོག་ཚོགས་དར་གྱི་རུ་སྟར་གྲུ་བཞི་ལུས་རྩལ་ཐང་དུ་འཛུལ་བཞིན་པ།
འདི་ནི་ཟླ་11ཚེས་22ཉིན་པར་བརྒྱབ་པའི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།
འདི་ག་ཚགས་པར་ཁང་དུ་སན་ཡཱ་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ཧའེ་ནན་སན་ཡཱ་རུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
སན་ཡཱ་གྲོང་ཁྱེར་ལུས་རྩལ་ལྟེ་གནས་སུ་མི་རིགས་56མཉམ་དུ་འཛོམས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་གཏོད་པའི་སྙན་འཇེབས་ལྡན་པའི་རོལ་དབྱངས་མཉམ་དུ་དཀྲོལ་བ་རེད། ཆུ་ཚོད་20ཙམ་ལ་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། འཐུས་མི་ཚོགས་པ་ཁག་དང་ས་གནས་ས་ཐོག་གི་ལྟད་མོ་བ་ཁྲི་3.5ཡིས་རྒྱལ་དར་གཟབ་སྦྲེང་རུ་ཁག་ལ་ཕེབས་བསུ་ཞུས་པ་དང་། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་ཚོགས་དར་གྱི་རུ་སྟར་གྲུ་བཞི་སྔ་རྗེས་སུ་ལུས་རྩལ་ཐང་དུ་འཛུལ་བ་རེད། དེ་རྗེས་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཤང་ཀང་། ཨའོ་མོན་བཅས་ཀྱི་འཐུས་མི་ཚོགས་པ་དང་ཐའེ་དབན་གྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཚོགས་པ་ཚོགས་རར་ཕེབས་ཤིང་། འཐུས་མི་ཚོགས་པ་ཁག་གིས་སྐར་ཆ་30ཙམ་འཁྲབ་སྟོན་བྱས་པ་དེ་ཐོག་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་དཔའ་ངར་ཆེ་བའི་ཉམས་འགྱུར་མངོན་ཡོད།
ལུས་རྩལ་ཐང་དུ་འཛུལ་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཚང་མས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་དང་། སྐར་ལྔའི་དར་དམར་དལ་བུར་བསྒྲེངས་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
ཆུ་ཚོད་21ཙམ་ལ་ཝང་ཧུའུ་ཉིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། དེ་མུར་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ནམ་མཁའ་ལྡིར་བ་ལྟར་གྲགས་ནས་སན་ཡཱ་གྲོང་ཁྱེར་ལུས་རྩལ་ལྟེ་གནས་དེ་སྤྲོ་སྣང་གི་རྒྱ་མཚོ་ལྟ་བུར་གྱུར།
འགོ་ཚུགས་མཛད་སྒོ་མ་འཚོག་གོང་། ཝང་ཧུའུ་ཉིང་གིས་ལུས་རྩལ་འགྲན་ཚོགས་སྒྲིག་འཛུཌ་ཨུ་ལྷན་གྱི་ཁོངས་མི་ཡོངས་དང་། འཐུས་མི་ཚོགས་པ་ཁག་གི་འཐུས་མི། ལུས་རྩལ་པའི་འཐུས་མི་བཅས་དང་མཇལ་འཕྲད་གནང་བ་དང་འབྲེལ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་འགྲེམས་སྟོན་དང་ཧའེ་ནན་གྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་བ་རེད།
སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་དུས་ཡུན་ཉིན་9ཡིན་པ་དང་མི་རིགས་ཁག་གི་ལུས་རྩལ་པ་6960འགྲན་བསྡུར་རྣམ་གྲངས་18དང་འཁྲབ་སྟོན་རྣམ་གྲངས་170ཡི་འགྲན་བསྡུར་ནང་ཞུགས་རྒྱུ་དང་། ལུས་རྩལ་འགྲན་ཚོགས་རིང་ད་དུང་མི་རིགས་ཀྱི་མཉམ་སྤྲོའི་འདུ་ཚོགས་སོགས་རིག་གནས་བྱེད་སྒོ་སྤེལ་རྒྱུ་རེད།