འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་19ཉིན།

༄༅།།མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཀྲོའུ་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་ཀྲོའུ་ཀྲང་གཞོན་པ་གནམ་ལྷ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕུད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་19ཉིན། 10:51】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་ཀྲོའུ་ཀྲང་གཞོན་པ་གནམ་ལྷ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕུད་ཡོད་པ་རེད།

ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་ལྷོ་ཀྲོའུ་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་ཀྲོའུ་ཀྲང་གཞོན་པ་གནམ་ལྷས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་བརྟག་དཔྱད་བྱས་ཤིང་། བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། གནམ་ལྷ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་ཡང་ཆབ་སྲིད་ཀྱི་དད་སེམས་ཉམས་པ་དང་། བསམ་པའི་འཁྱེར་སོ་འཛོལ་བ། རྨོངས་དད་ཀྱི་བྱེད་སྒོར་དབྱིངས་ཞུགས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཞག་ནས་སྒྲིག་འགལ་ངང་ཟ་འཐུང་བྱས་ཁར་ཆང་རག་བཏུངས་རྗེས་ཀུན་སྤྱོད་ཉམས་ཏེ་སྤྱི་ཚོགས་སུ་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་པ། རྩ་འཛུགས་ཀྱི་འདུ་ཤེས་ཞན་པ་དང་། ལས་བྱེད་པ་གདམ་གསེས་དང་བསྐོ་སྤྱོད་ཀྱི་ལས་ཀའི་ཁྲོད་མི་གཞན་ལ་ཁེ་ཕན་གཉེར་ཐབས་བྱས་པ། སྤྱོད་གཙང་གི་མཐའ་ཚད་མ་བསྲུངས་པ་དང་། སྒྲིག་འགལ་ངང་ཁེ་བཟང་གཉེར་བའི་བྱེད་སྒོ་སྤེལ་བ། མི་གཞན་ལ་རོགས་རམ་བྱས་པ་དང་འབྲེལ་རྒྱུ་དངོས་བླངས་པ། དབང་ཆ་དང་ཆགས་སྲེད་དང་དེ་བཞིན་དངུལ་དང་ཆགས་སྲེད་བརྗེ་ཚོང་བྱས་པ། འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་པ་དང་སྤྲོད་པའི་ཐད་སྒྲིག་འགལ་ངང་ཐེ་ཇུས་བྱས་པ། མ་རབས་ཐ་ཤལ་ལ་ཞེན་ཆགས་ཏེ་ཡུན་རིང“རྒྱན་སྐུགས”ཀྱི་མཱ་ཅང་བརྒྱབ་ནས་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་ལ་གནོད་འཚེ་ཚབས་ཆེན་བཟོས་པ། སྒྲིག་ཁྲིམས་ཀྱི་འདུ་ཤེས་སྤུ་ཙམ་ཡང་མེད་པར་དབང་དངུལ་བརྗེ་ཚོང་ཤུགས་ཆེན་བྱས་པ། གོ་གནས་ཀྱི་སྟབས་བདེ་སྤྱད་ནས་མི་གཞན་ལ་ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་པ་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱས་པ་མ་ཟད་ཁྲིམས་འགལ་གྱིས་རྒྱུ་དངོས་འབོར་ཆེན་བླངས་པ། ཚུལ་མིན་གྱི་ཁེ་ཕན་སྒྲུབ་ཆེད་མི་གཞན་ལ་རྒྱུ་དངོས་ལྐོག་རྔན་སྤྲད་པ་བཅས་བྱས་ཡོད།

གནམ་ལྷས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་གོ་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་བྱས་པ་མ་ཟད། ལྐོག་རྔན་བླངས་པ་དང་ལྐོག་རྔན་སྤྲད་པའི་ཉེས་གསོག་གི་དོགས་གཞི་ཡོད་ཅིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་མཚམས་དང་ཚོད་མ་བྱས་པ་དང་། ཐ་ན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་རྗེས་སུ་ད་དུང་སྔར་བཞིན་མཚམས་འཇོག་མི་ཤེས་པ་དང་། ངོ་བོ་ཚབས་ཆེ་བ། ཤུགས་རྐྱེན་ངན་པ་བཟོས་ཡོད་པས་ཐག་གཅོད་ནན་པོ་བྱེད་དགོས།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད། གནམ་ལྷ་ཏང་གི་སྐྱིད་སྡུག་ནས་ཕུད་པ་དང་། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པར་གཞུང་གི་ལས་གནས་ནས་ཕྱིར་འབུད་རྒྱུའི་ཆད་པ་གཅོད་པ། ཁོ་པའི་མཚོ་ལྷོ་ཀྲོའུ་ཡི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མིའི་ཐོབ་ཐང་མེད་པར་བཟོ་བ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་བ། ཁོ་པའི་ཉེས་གསོག་གི་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་རྒྱག་པར་རྩིས་སྤྲོད་རྒྱུ་མ་ཟད་གྱོད་འབྲེལ་གྱི་རྒྱུ་དངོས་མཉམ་དུ་རྩིས་སྤྲོད་རྒྱུའི་ཐག་བཅད་པ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)