འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་19ཉིན།

༄༅།།ལྕགས་ལམ་དང་། གཞུང་ལམ། གནམ་ཐང་བཅས་ལ་བརྟེན་ནས་གཟི་ཚ་སྡེ་དགུའི་རིག་གནས་ཡུལ་སྐོར་གཞི་གཅིག་ཏུ་སྦྲེལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་19ཉིན། 10:46】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲོའུ་དབྱི་ཧང། ཝང་ཞི།

ཁྲོན་མཚོ་ལྕགས་ལམ་གྱི་ཀྲེན་ཅང་ཀོན་ནས་ཧོང་ཧྲེང་ཀོན་བར་གྱི་དུམ་བུ་ཤར་གཏོང་ཐུབ་པ་དང་དེ་བཞིན་G8513གཟི་ཚ་སྡེ་དགུ་ནས་མན་དབྱང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་བསྐྲུན་ཟིན་ཉེར་ཡོད་པའི་དུས་འདིར། ལྕགས་ལམ་དང་། གཞུང་ལམ། གནམ་ཐང་བཅས་མཚོན་བྱེད་དུ་བྱས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་དེས་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་གཟི་ཚ་སྡེ་དགུ་རྫོང་གི་ཁུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་བཞིན་ཡོད་པ་རེད། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་ཧ་ཅང་འཁྲུག་པོ་ཡོད་པ་དང་ཆབས་ཅིག་གཟི་ཚ་སྡེ་དགུ་རྫོང་གི་དེ་སྔའི་མཛེས་ལྗོངས་ཁུལ་ཆུང་ངུ་དེའང་ཡུལ་སྐོར་བའི་གདམ་ག་གསར་པར་གྱུར་ཡོད་པ་རེད།

ཉེ་ཆར་ལྕགས་ལམ་སྡེ་ཚན་དང་སི་ཁྲོན་གྱི་མཛེས་ལྗོངས་ཁུལ་མང་པོ་ཞིག་གིས་ལྕགས་ལམ་གྱི་ཡུལ་སྐོར་ཆེད་གཏོང་ལམ་ཐིག་བཏོད་ཡོད། དེས་ན་འདི་ལོའི་ཟླ་5པར་ལྕགས་ལམ་སྡེ་ཚན་གྱིས་ས་གནས་ཀྱི་རིག་གནས་ཡུལ་སྐོར་སྡེ་ཚན་དང་མཉམ་དུ་ལྕགས་ལམ་གྱི་ཡུལ་སྐོར་ཐོན་རྫས་འདོན་རྒྱུའི་ཚོད་ལྟ་བྱས་ཏེ། ལྕགས་ལམ་ཐོག་ནས་སྤ་སེ་ཉོ་བ་བརྒྱུད་ཧོང་ལུང་གཟི་ཚ་སྡེ་དགུའི“ཤུགས་འགྲེམས་མེ་འཁོར་གྱི་སྤ་སེ་དང་། རླངས་འཁོར་གྱི་སྤ་སེ། མཛེས་ལྗོངས་ཁུལ་གྱི་སྤ་སེ”བཅས་གསུམ་གཅིག་ཏུ་བསྒྲིལ་ནས་འགྲུལ་པར་དེ་བས་སྤུས་ལེགས་ཀྱི་ཕྱིར་སྐྱོད་ཞབས་འདེགས་ཞུས་པ་རེད།

འདི་ལོའི་ཟླ་8ཚེས་30ཉིན་ཁྲོན་མཚོ་ལྕགས་ལམ་གྱི་ཀྲེན་ཅང་ཀོན་ནས་ཧོང་ཧྲེང་ཀོན་བར་གྱི་དུམ་བུ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། ཀྲུང་གོ་ལྕགས་ལམ་ཁྲེང་ཏུའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་གྲངས་གཞི་ལས་མངོན་པར། ཁྲོན་མཚོ་ལྕགས་ལམ་ཁྲེང་ཏུའི་ཤར་ངོས་ནས་ཧོང་ཧྲེང་ཀོན་བར་གྱི་དུམ་བུ་ཤར་གཏོང་ཐུབ་ཚུན་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་229.6སྐྱེལ་འདྲེན་བྱས་པའི་ནང་། ཧོང་ལུང་གཟི་ཚ་སྡེ་དགུ་བབས་ཚུགས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་120.8སྐྱེལ་འདྲེན་བྱས་ཡོད་པ་རེད།

ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་པ་དེས་གཟི་ཚ་སྡེ་དགུའི་ཡུལ་སྐོར་ལས་རིགས་མུ་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་ཤིང་། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་གཟི་ཚ་སྡེ་དགུ་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་804.31ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་21.97%འཕར་བ་དང་ཡུལ་སྐོར་ཡོང་འབབ་དུས་མཚུངས་ལས་21.52%འཕར་ཡོད་པ་རེད། དེའི་ནང་གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་509.1ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་27.89%འཕར་ཡོད་པ་རེད།

ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བས་དགོས་མཁོ་མི་འདྲ་བའི་ཡུལ་སྐོར་བ་ཕྱིར་སྐྱོད་པར་ཕུན་སུམ་ཚོགས་པའི་གདམ་ག་མཁོ་འདོན་བྱས་ཤིང་། ཟླ་11ཚེས་14ཉིན་བར། གཟི་ཚ་སྡེ་དགུའི་ཧོང་ལུང་གནམ་ཐང་དུ་འདི་ལོར་ཁྱོན་གནམ་གྲུ་ཐེངས་1198བདེ་འཇགས་ངང་འཕུར་སྐྱོད་བྱས་པར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་92835ཟིན་ཡོད་པ་རེད། ཟླ་10ཚེས་27ཉིན་ནས་བཟུང་གནམ་ཐང་གིས་དགུན་དཔྱིད་གཉིས་ཀྱི་དུས་གཏན་གནམ་གྲུའི་དུས་ཚོད་དངོས་སུ་ལག་ལེན་བསྟར་བ་དང་ཉིན་རེར་མང་ཤོས་ལ་མི་ཐེངས་531ལ་སྣེ་ལེན་ཞུ་གི་ཡོད་པ་རེད།

གཟི་ཚ་སྡེ་དགུ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ཧོའུ་ཅིང་ཝུའེ་ཡིས་མིག་སྔར་གཟི་ཚ་སྡེ་དགུ་རྫོང་གིས་འགྲུལ་སྐྱེལ་བབས་ཚུགས་ཀྱི་ཞབས་ཞུའི་བཀོད་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་སྐྱེལ་འདྲེན་སྒྲིག་འཛུགས་ཀྱི་བཀོད་སྒྲིག་ལེགས་སུ་བཏང་ནས་མཛེས་ལྗོངས་ཁུལ་དང་། ལྕགས་ལམ། གཞུང་ལམ་བཅས་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་བཏང་བས། གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་གྱི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་དང་དུས་མཚུངས། གཞུང་ལམ་སྐྱེལ་འདྲེན་ཁྲོམ་ར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་བའི་རིམ་པ་མང་བ་དང་། སྣ་མང་ཅན། སྤུས་ཚད་མཐོ་བ་བཅས་ཀྱི་ཕྱིར་སྐྱོད་དགོས་མཁོ་བསྐངས་ཡོད་ཅེས་བཤད་པ་རེད།

(སྒྱུར་ཞུས་པ་བསོད་བདེ་ཆེ་བ)