སློབ་གསོ་པུས་བརྡ་ཐོ་བཀྲམ་ནས ——
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 11ཚེས་15ཉིན། 10:02】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་སློབ་གསོ་པུའི་གཞུང་དོན་ཐིང་གིས་བརྡ་ཐོ་བཀྲམ་ནས“ཕུལ་བྱུང་དགེ་རྒན་གྱི་འཆར་གཞིའི”(དབུས་ནུབ་རྒྱུད་ཀྱི་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་ཕུལ་བྱུང་དགེ་རྒན་གྱི་གནས་གཏན་འཁེལ་གྱི་གསོ་སྦྱོང་འཆར་གཞི)དགེ་འོས་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་པར་བཀོད་སྒྲིག་བྱས་ཏེ། སློབ་གྲྭ་ཐོན་རྗེས་གྲོས་མཐུན་གཞིར་བཟུང་གནས་གཏན་འཁེལ་གྱི་རྫོང་སློབ་འབྲིང་དུ་ཁ་ཆད་ལག་བསྟར་གྱིས་སློབ་ཁྲིད་བྱེད་པར་བསྐྱོད་རྒྱུར་འགན་ལེན་བྱས་ཡོད། གཏན་འབེབས་གཞིར་བཟུང་ཁ་ཆད་ལག་བསྟར་བྱས་མེད་རིགས་གྲོས་མཐུན་ལྟར་དེ་མཚུངས་ཀྱི་འགན་འཁྲི་འཁུར་དགོས་པ་དང་ཁ་ཆད་ལག་བསྟར་བྱས་མེད་རིགས་ཀྱི་ཟིན་ཐོ་མི་དོན་ཡིག་ཚགས་ནང་བཅུག་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་ནང་འཇུག་རྒྱུ་རེད།
ལས་ཞུགས་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་པ་དང་ཁ་ཆད་ལག་བསྟར་ལ་སྐུལ་ལྕག་བྱེད་ཤུགས་ཆེ་རུ་གཏོང་ཆེད། བརྡ་ཐོའི་ནང་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་ཁག་གིས་སྒྲིག་གཞིའི་སྒྲིག་ཁོངས་སྡེ་ཚན་དང་མཉམ་དུ་ཞིབ་བཤེར་གཏན་འབེབས་བྱས་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་སྒྲིག་ཁོངས་བསྡོམས་འབོར་ནང“ཕུལ་བྱུང་དགེ་རྒན་གྱི་འཆར་གཞིའི”དགེ་འོས་སློབ་མའི་སྒྲིག་ཁོངས་འཆར་གཞི་སྔ་སྣུར་ནས་བཀོད་སྒྲིག་དང་གནད་འཁེལ་ངང་ཞིབ་དཔྱད་་དང་ལེན་བྱས་ཏེ། ས་ཁུལ་དེ་གའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ལས་གནས་དགོས་མཁོ་དང་རིགས་ཁག་གི་གནས་གཏན་འཁེལ་གྱི་གསོ་སྦྱོང་འཆར་གཞིར་སྤྱི་འདོམས་བྱས་ནས། སློབ་བསྡུའི་ལོ་དེའི་གནས་གཏན་འཁེལ་གྱི་ཁྱབ་ཁོངས་གཞིར་བཟུང“ཕུལ་བྱུང་དགེ་རྒན་གྱི་འཆར་གཞིའི”སློབ་ཐོན་སློབ་མའི་ཁ་ཆད་ལག་བསྟར་གྱི་སློབ་ཁྲིད་གདན་ཞུའི་འཆར་གཞི་ཡག་པོ་བཟོ་དགོས། དེ་དང་ཆབས་ཅིག ས་གནས་ཁག་དང་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭས་དགེ་རྒན་ནང་འདྲེན་གྱི་ལྕག་སྐུལ་བྱེད་ཐབས་བཟོ་རྒྱུར་སྐུལ་མ་གཏོང་བ་དང་ཐོབ་ཐང་འགན་ལེན་འཐུས་སྒོ་ཚང་དུ་བཏང་སྟེ། “ཕུལ་བྱུང་དགེ་རྒན་གྱི་འཆར་གཞིའི”དགེ་འོས་སློབ་མའི་ཁ་ཆད་ལག་བསྟར་གྱིས་སློབ་ཁྲིད་དང་ཚེ་གང་སློབ་ཁྲིད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ས་གནས་ཁག་གིས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་དང་དཀའ་ཚེགས་ཆེ་ལ་ཐག་རིང་ས་ཁུལ་གྱི་ཕོགས་སྣོན་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། “ཕུལ་བྱུང་དགེ་རྒན་གྱི་འཆར་གཞིའི”དགེ་འོས་སློབ་མ་གྲོང་གསེབ་ཏུ་སློབ་ཁྲིད་བྱེད་པར་གཞུང་ལས་ཁང་དང་འཁོར་རྒྱུག་ཉལ་ཁང་སོགས་དགོས་ངེས་ཀྱི་ལས་ཀ་དང་འཚོ་བའི་ཆ་རྐྱེན་མཁོ་འདོན་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད།