འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་12ཉིན།

༄༅།།མཚོ་སྔོན་གྱིས《ལག་བསྟར་བསམ་འཆར》བཏོན་ནས་རྒྱལ་སྲུང་ཁེ་ཕན་དང་དམག་མི་དང་དམག་མིའི་ནང་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་12ཉིན། 13:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྲུང་ཁེ་ཕན་དང་དམག་མི་དང་དམག་མིའི་ནང་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱ་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་ཞིང་ཆེན་དམག་ཁུལ་ཁང་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས《དུས་རབས་གསར་པར་རྒྱལ་སྲུང་ཁེ་ཕན་དང་དམག་མི་དང་དམག་མིའི་ནང་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བསམ་འཆར》མཉམ་དུ་བཏོན་ཏེ། དཔུང་སྡེ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་དང་དཔུང་སྡེའི་འཐབ་ནུས་འཛུགས་སྐྱོང་ལ་ཞབས་འདེགས་ཞུས་པ་རེད།

《ལག་བསྟར་བསམ་འཆར》ལ་ཁྱོན་ལེའུ་9དང་དོན་ཚན་29ཡོད་ཅིང་། དམག་མི་དང་འབྲེལ་བའི་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་དམིགས་ཚད་ལས་འགན་དང་། ལག་བསྟར་བྱ་ཡུལ་དང་ཁྱབ་ཁོངས། རྩ་འཛུགས་སྒྲིག་གཞི། ལས་སྒྲུབ་བརྒྱུད་རིམ། ལས་དོན་ལམ་ལུགས། འགན་ལེན་བྱེད་ཐབས་བཅས་ཀྱི་ཐད་ཞིབ་ཕྲའི་ཚད་གཞི་ཁ་གསལ་བཟོས་ཡོད་པ་རེད། 《ལག་བསྟར་བསམ་འཆར》ནང་དུ། དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་ཆབ་སྲིད་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སྲིད་བཀུར་དམངས་གཅེས་དང་དམག་བཀུར་ཁྱིམ་སྐྱོང་གི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དམག་མི་དང་དམག་མིའི་ནང་མིའི་ཁྲིམས་ལྟར་སྔོན་ཐོབ་སྲིད་ཇུས་དང་ཁྲིམས་སྲོལ་དོན་འཁྱོལ་ནན་པོ། དམག་མི་དང་འབྲེལ་བའི་རྩོད་གཞི་དང་གྱོད་གཞི་མྱུར་ལ་ནུས་ཆེའི་ངང་ཐག་གཅོད། དཔུང་སྡེ་དང་དམག་མི་དང་དམག་མིའི་ནང་མིའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་དུས་ཐོག་ཏུ་སྲུང་སྐྱོང་བཅས་བྱས་ནས། དམག་མི་དང་དམག་མིའི་ནང་མིའི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཟབ་ཏུ་གཏོང་དགོས། རོགས་ལས་ཀྱི་འདུ་ཤེས་ཟབ་ཏུ་དང་རོགས་ལས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་ནས་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། སྲིད་ཁྲིམས་ཚན་པས་དམ་འཛིན་གཙོ་བོ་བྱེད་པ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་དཔུང་སྡེ་མཉམ་དུ་ཞུགས་པ་བཅས་ཀྱི་གཞི་གཅིག་ཅན་གྱི་ལས་དོན་རྣམ་པ་མཉམ་དུ་བཏོད་དེ། རྩ་འཛུགས་ཀྱི་འགོ་ཁྲིད་སྲ་ཞིང་བརྟན་ལ་ནུས་ལྡན་དང་། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་བ། དམག་དཔུང་དང་ས་གནས་དབར་མཐུན་སྦྱོར་གཞོགས་འདེགས་ཡག་པ། ཁྲིམས་དང་འབྲེལ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས་ཞེས་བཏོན་ཡོད་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)