འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་12ཉིན།

༄༅།།ཤང་ཀང་བཟོ་ཚོང་ལས་རིགས་ཀྱི་མི་སྣའི་བཞུགས་མོལ་ཚོགས་འདུ་ཧྲེན་ཀྲེན་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་12ཉིན། 10:14】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་8ཉིན་ཀྲུང་དབྱང་ཤང་ཀང་དང་ཨའོ་མོན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་ལས་དོན་གཞུང་དོན་ཁང་གིས་ཧྲེན་ཀྲེན་དུ་2024ལོའི་ཤང་ཀང་བཟོ་ཚོང་ལས་རིགས་ཀྱི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་དང་ཤང་ཀང་བཟོ་ཚོང་ལས་རིགས་ཀྱི་མི་སྣ་29བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་ཞུགས་བཟོ་ཚོང་ལས་རིགས་ཀྱི་མི་སྣས་རེ་རེ་བཞིན་གཏམ་བཤད་སྤེལ་བ་དང་ཇི་ལྟར་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཤང་ཀང་དེ་བས་ལེགས་པའི་ངང་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ་སྤེལ་རེས་གཏིང་ཟབ་བྱས་པ་དང་གྲོས་འགོ་བཏོན་པ་རེད། ཚང་མའི་གཏམ་བཤད་ཉན་རྗེས་ཀྲུང་དབྱང་ཤང་ཀང་དང་ཨའོ་མོན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཞ་པའོ་ལུང་གིས། ཤང་ཀང་བཟོ་ཚོང་ལས་རིགས་དང་ཁེ་ལས་མཁས་ཅན་ནི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་ཤུགས་དམག་ཡིན་པས་ཤང་ཀང་གི་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་དང་རྒྱལ་ཁབ་དེང་རབས་ཅན་འཛུགས་སྐྲུན་ལ་རམ་འདེགས་བྱ་ཆེད་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་ཡོད། མིག་སྔར། ཤང་ཀང་གི་ཕྱི་ནང་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པས་ཚང་མས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཡུལ་ཉིང་པོ་ནས་ཡིན་པའི་ཤང་ཀང་གི་ཁེ་ལས་མཁས་ཅན་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་ངོས་འཕེལ་རྒྱས་དང་ཤང་ཀང་འཕེལ་རྒྱས་དང་རྒྱལ་ཁབ་འཕེལ་རྒྱས་དབར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱེད་པ། ཤང་ཀང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཡིད་ཆེས་བརྟན་དུ་གཏོང་བ། རང་འགུལ་ངང་འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བྱེད་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་གཅེས་ཀང་གཅེས་གསལ་བཤད་བྱེད་པ། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཤང་ཀང་འཛུགས་སྐྲུན་བཅས་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས། ཤང་ཀང་ཁྱིམ་གཞིས་སུ་བརྩི་བ་དང་ཤང་ཀང་ལ་བརྟེན་ནས་བྱ་གཞག་གཏོད་རྒྱུ་མཐའ་འཁྱོངས་ཀྱིས་ཤང་ཀང་གི་སྲོལ་རྒྱུན་ལེགས་ཆ་སྲ་བརྟན་དང་གོང་མཐོར་ཡག་པོ་གཏོང་དགོས། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་དཔལ་འབྱོར་འཕར་བའི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས། དམིགས་བསལ་ཁུལ་སྲིད་གཞུང་གིས་ཕུགས་ཀྱི་འཕེལ་རྒྱས་འཆར་འགོད་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱ་ཆེར་གཏོང་དགོས། ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་བརྟན་སྲུང་བྱས་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་ཆེད་ལེགས་སྐྱེས་མང་ཙམ་འབུལ་དགོས། བློ་རྩ་བརྟན་པོས་རྒྱལ་གཅེས་ཀང་སྲུང་བྱེད་པ་དང་ཕྱི་རྒྱལ་ལ་ཕྱོགས་ནས་ཤང་ཀང་གི་གཏམ་རྒྱུད་ཡག་པོ་བརྗོད་དེ་ཤང་ཀང་གི་རྒྱལ་སྤྱིའི་གཟུགས་བརྙན་སྲུང་སྐྱོང་ཡག་པོ་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་ཤང་ཀང་འདི་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་དེ་བས་ལེགས་པའི་ངང་ཞུགས་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བ་དང་ཆབས་ཅིག་ཤང་ཀང་དེ་བས་ལེགས་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། བཟོ་ཚོང་ལས་རིགས་ཚུད་པའི་ཤང་ཀང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་ཕྱར་བ་གྲུ་འདེགས་དང་འབད་འཐབ་ལྷོད་མེད་བྱས་ཏེ། སྒྱུར་བཅོས་ཀྱི་ཤར་རླུང་ལ་བརྟེན་པ་དང་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།