གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 11ཚེས་11ཉིན། 15:14】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
སློབ་ཞུགས་གོང་གི་བྱིས་པ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན་པས་སློབ་ཞུགས་གོང་གི་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུ་དེ་སློབ་ཞུགས་གོང་གི་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་གལ་ཆེན་ཡོད།
ཟླ་11ཚེས་8ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་ཐོག་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས་》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2025ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།
སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས་ནང་རྒྱལ་ཁབ་ཀྱིས་སློབ་ཞུགས་གོང་གི་སློབ་གསོའི་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་དང་། བཀོད་སྒྲིག་ལུགས་མཐུན། སྤྱི་ཕན་ཡོངས་ཕན། བདེ་འཇགས་སྤུས་ལེགས་བཅས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་སྤྱི་པའི་ཞབས་ཞུའི་མ་ལག་བསྐྲུན་རྒྱུ་ཡིན་ལུགས་ཁ་གསལ་བཏོན་ཡོད་པ་རེད།
བཅའ་ཁྲིམས་འདིའི་ནང་སློབ་ན་མ་སོན་གོང་གི་སློབ་གསོ་ཡིན་ཕྱིན་སློབ་ན་མ་སོན་གོང་གི་བྱིས་པར་ཆེས་ཕན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སློབ་ན་མ་སོན་གོང་གི་བྱིས་པར་དམིགས་བསལ་དང་དམིགས་བསལ་གྱིས་སྔོན་ལ་སྲུང་སྐྱོང་བྱ་དགོས་པའི་གཏན་འབེབས་བྱས་ཡོད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་བྱིས་པ་ཁང་གི་བདེ་འཇགས་ཉེན་ཁ་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། བྱིས་པ་ཁང་གི་ཉེ་འཁོར་གྱི་བདེ་འཇགས་དོ་དམ་དང་སྐོར་གཡེང་སྔོན་འགོག་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་སློབ་ཞུགས་སྔོན་གྱི་བྱིས་པ་དང་བྱིས་པ་ཁང་གི་བདེ་འཇགས་འགན་སྲུང་བྱ་དགོས།