གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 11ཚེས་08ཉིན། 15:55】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཨུ་རུ་སུ་གསར་འགྱུར་ཁང་དང་ཐ་སི་གསར་འགྱུར་ཁང་གིས་ཕྱོགས་བསྡུས་གནས་འཕྲིན་སྤེལ་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་7ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ཨུ་རུ་སུའི་ཇུས་འདོན་ཚོགས་པ་ཝར་ཏའེ་རྒྱལ་སྤྱིའི་རྩོད་གླེང་སྤྲོ་སྐྱིད་ཁང་གི་ལོ་ཚོགས་སྐབས་21པའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་པ་རེད། ཨུ་རུ་སུ་དང་ཡུག་རེན་གྱི་དུས་བབ་སྐོར་གླེང་སྐབས་ཁོང་གིས་ཕན་ཚུན་གྱི་ཁྲིམས་མཐུན་ཁེ་ཕན་ལ་བསམ་གཞིག་གང་ལེགས་བྱེད་པའི་ཆ་རྐྱེན་འོག ཨུ་རུ་སུས་དུས་དང་རྣམ་པ་ཀུན་ཏུ་གྲོས་མོལ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
གནས་འཕྲིན་སྤེལ་བའི་ནང་། ཕུའུ་ཅིང་གིས་བསྟན་དོན། ཨུ་རུ་སུས་ཞི་བའི་གྲོས་མོལ་བྱེད་འདོད་ཡོད་མོད། འོན་ཀྱང་། ཁེ་ཝི་ཕྱོགས་ཀྱིས་ཟླ་རེར་མིང་རེ་བརྗེ་འདོད་པའི་བསམ་འདུན་དེ་དག་ལ་དམིགས་པ་ཞིག་མིན་པར། དེ་ནི་མིག་སྔའི་དོན་དངོས་དང་དེ་གོང་དབྱི་སི་ཐན་པུར་དུ་བཞག་པའི་གྲོས་མཐུན་ལ་དམིགས་པ་ཞིག་རེད། ཕུའུ་ཅིང་གིས་ཨུ་རུ་སུར་གནོན་ཤུགས་སྤྲོད་པ་ནི་ངལ་བ་འབྲས་མེད་ཅིག་ཡིན་པ་ཚང་མས་གསལ་པོ་ཤེས་དགོས། འོན་ཀྱང་། ཕན་ཚུན་གྱི་ཁྲིམས་མཐུན་ཁེ་ཕན་ལ་བསམ་གཞིག་གང་ལེགས་བྱེད་པའི་ཆ་རྐྱེན་འོག ཨུ་རུ་སུས་དུས་དང་རྣམ་པ་ཀུན་ཏུ་གྲོས་མོལ་བྱེད་འདོད་ཡོད་ཅེས་ནན་བཤད་བྱས།
ཁོང་གིས་ད་དུང་བརྗོད་དོན། གལ་སྲིད་ཡུག་རེན་བར་གནས་སུ་མ་བསྡད་ན། ཨུ་རུ་སུ་དང་ཡུག་རེན་བར་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་འབྲེལ་བ་ཆགས་ཐབས་མེད། བར་གནས་སུ་མ་བསྡད་ན་ཡུག་རེན་དེ་མི་གཞན་གྱིས་ཨུ་རུ་སུའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ལག་ཆར་འགྱུར་ངེས་ཡིན།