འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་5ཉིན།

༄༅།།མཚོ་སྔོན་གྱིས་སྨན་རྫས་བདེ་འཇགས་སྲ་བརྟན་མཐོར་གཏོང་གི་བྱ་སྤྱོད་གཏིང་ཟབ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་05ཉིན། 13:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “སྨན་རྫས་བདེ་འཇགས་སྲ་བརྟན་མཐོར་གཏོང་བྱ་སྤྱོད་སྤེལ་ཚུན། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ཉེན་ཁ་འགོག་ཟོན་དང་། གྱོད་གཞི་ཞིབ་གཅོད། ནུས་པ་ཆེར་གཏོང་བཅས་ཀྱི་དམིགས་ཚད་ལས་འགན་ཆེན་པོ་གསུམ་ལ་དམིགས་ཏེ། མཐུན་སྦྱོར་མཉམ་འགུལ་དང་། རྒྱུན་གཏན་ལྟ་འདོམས། ལག་རྩལ་འདེགས་སྐྱོར་སོགས་ཀྱི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། སྨན་རྫས་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། སྨན་རྫས་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་ནན་པོ་བྱེད་པ། སྨན་རྫས་སྐོར་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས། སྨན་རྫས་བདེ་འཇགས་ཀྱི་མཐའ་ཚད་བརྟན་དུ་བཏང་ཡོད” ཟླ་10ཚེས་29ཉིན། ཞིང་ཆེན་སྨན་རྫས་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ཚུན་དུ། ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན“སྨན་རྫས་གཉིས་དང་སྨན་བཅོས་ཡོ་བྱད་གཅིག”གི་ཐོན་སྐྱེད་གཉེར་སྐྱོང་བེད་སྤྱོད་ཚན་པ་13963ལ་ཞིབ་བཤེར་བྱས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་1581གྲལ་བཤེར་བྱས་པ་དང་། གནད་དོན་231ཤེས་རྟོགས་བྱུང་བ། ཁེ་ལས་386ལ་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་བཅས་བྱས་པས། མི་དམངས་མང་ཚོགས་ཀྱིས་སྨན་རྫས་དང་། ཡོ་བྱད། མཛེས་རྫས་སོགས་ཀྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཡོངས་ཀྱི་སྨན་རྫས་ལྟ་འདོམས་སྡེ་ཚན་གྱིས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལྟ་འདོམས་དང་ཞབས་ཞུ་ཟུང་འབྲེལ་ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར(ཀྲོའུ)དང་རྫོང(གྲོང་ཁྱེར་དང་ཆུས)གི་སྨན་རྫས་ལྟ་འདོམས་ནུས་པ་ཚད་ལྡན་ཅན་འཛུགས་སྐྱོང་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་དང་མཉམ་ལས་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁུངས་སྣེ་བརྡ་ཁྱབ་དང་། གྱོད་གཞི་སྐྱེལ་སྤྲོད། ཆ་འཕྲིན་མཉམ་སྤྱོད། ཆ་འཕྲིན་ཡོངས་བསྒྲགས་སོགས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤུགས་རྐྱེན་ཆེན་པོ་ཡོད་པའི་གྱོད་གཞི་དང་གྱོད་གཞིའི་གནས་ཚུལ་རྙོག་འཛིང་ཆེ་བ་མ་ཟད་གྱོད་འབྲེལ་དངུལ་འབོར་ཧ་ཅང་མང་བའི་གྱོད་གཞི་མཉམ་དུ་སྒྲུབ་སྐུལ་བྱས་པས། སྨན་རྫས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་ཡོད། རིམ་ཁག་སྨན་རྫས་ལྟ་འདོམས་སྡེ་ཚན་གྱིས“སྨན་རྫས་གཉིས་དང་སྨན་བཅོས་ཡོ་བྱད་གཅིག”གི་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ཀྱི་ལྟ་འདོམས་མཐུན་སྦྱོར་དང་དེ་བཞིན་ནུབ་བྱང་ཡུག་ཁུལ་གྱི་ལྟ་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། སྨན་རྫས་བདེ་འཇགས་བཅོས་སྐྱོང་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་མཉམ་དུ་བཏོད་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)