འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་4ཉིན།

༄༅།།རྒྱལ་ཁབ་འདི་དག་གིས་གསལ་བསྒྲཊ་སྤེལ་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་04ཉིན། 15:45】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཚེས་3ཉིན་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་(ཨོའུ་ཕེ་ཁེ་)ཀྱིས་གསལ་བསྒྲགས་སྤེལ་ནས། ཨོའུ་ཕེ་ཁེ་དང་ཨོའུ་ཕེ་ཁེ་མིན་པའི་རྡོ་སྣུམ་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་8ཀྱིས་ཟླ་11པའི་ཟླ་མཇུག་ཏུ་དུས་བཀག་ཐིམ་པའི་ཉིན་རེར་ཆ་སྙོམས་སྣུམ་ཟོམ་ཁྲི་220ཡི་རང་མོས་ཀྱི་ཐོན་འབབ་ཉུང་གཏོང་གི་བྱེད་ཐབས་དེ་ཟླ་12པའི་ཟླ་མཇུག་བར་ཕྱིར་འགྱངས་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

གསལ་བསྒྲགས་ནང་སོ་ཏི་ཨ་རབ་དང་། ཨུ་རུ་སུ། དབྱི་རག ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་དང་། ཁུ་ཝེ་ཐེ། ཧ་སག་སི་ཐན། ཨར་ཅི་རི་ཡ། ཨ་མན་བཅས“ཨོའུ་ཕེ་ཁེ+”ཡི་ཁོངས་མིའི་རྒྱལ་ཁབ་8ཀྱིས་རང་མོས་ཀྱི་ཐོན་འབབ་ཉུང་དུ་གཏོང་བའི་བྱེད་ཐབས་རིང་དུ་གཏོང་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་འཁོད་ཡོད་པ་རེད། གསལ་བསྒྲགས་ནང་རྒྱལ་ཁབ་བརྒྱད་ཀྱིས་སང་ལོའི་ཟླ་དང་པོ་ནས་བཟུང་ཐོན་ཚད་ཉུང་དུ་གཏོང་ཚད་དེ་དག་ཕྱིར་འཐེན་བྱེད་མིན་སྐོར་བཀོད་མེད།

གསལ་བསྒྲགས་ནང་། རྒྱལ་ཁབ་བརྒྱད་པོས་རང་མོས་ཀྱི་ཐོན་འབབ་ཉུང་གཏོང་གི་དམིགས་ཚད་ལ་རྦད་དེ་བརྩི་སྲུང་ཞུ་རྒྱུའི་ཆོད་སེམས་བསྐྱར་བསྒྲགས་བྱས་ནས། ད་ལོའི་ལོ་སྟོད་ནས་བཟུང་ཐོན་ཚད་བགོ་བྱའི་བཅད་འབོར་ལས་བརྒལ་བའི་འབྲེལ་ཡོད་རྒྱལ་ཁབ་ཀྱིས་2025ལོའི་ཟླ་9པའི་གོང་ཁ་གསབ་རང་བཞིན་གྱི་ཐོན་འབབ་ཉུང་གཏོང་གི་འོས་འགན་ལེགས་འགྲུབ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།

གོང་གི་རྒྱལ་ཁབ་བརྒྱད་པོས་2023ལོའི་ཟླ་11པར་ཉིན་རེར་ཆ་སྙོམས་སྣུམ་ཟོམ་ཁྲི་220རང་མོས་ཀྱི་ཐོན་འབབ་ཉུང་གཏོང་བྱེད་ཐབས་ཐོག་མར་ཁྱབ་བསྒྲགས་བྱས་པ་རེད། ད་ལོའི་ཟླ་6པའི་ཟླ་སྟོད་དུ། རྒྱལ་ཁབ་བརྒྱད་པོས་རང་མོས་ཀྱི་ཐོན་འབབ་ཉུང་དུ་གཏོང་བའི་བྱེད་ཐབས་དེ་དག་ཟླ་9པའི་ཟླ་མཇུག་བར་རིང་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་མ་ཟད། ཟླ་9པའི་ཟླ་འགོར་སླར་ཡང་ཟླ་11པའི་ཟླ་མཇུག་བར་རིང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།