འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་31ཉིན།

༄༅།།ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་གནམ་ཐང་གིས་ཁམ་ཕུ་ཁྲེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་31ཉིན། 10:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝུའུ་ཁྲང་ཝུའེ།

    “ཤན་ལིའི་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་དེ་ཁམ་ཕུ་ཁྲེའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། གནམ་ཐང་དེ་ཧ་ཅང་ཆེན་པོ་ཡོད་པས་འགྲུལ་པ་འབོར་ཆེན་ལ་སྣེ་ལེན་ཞུ་ཐུབ་པ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཝུའུ་ཀོ་ཁུའུ་རུ་ཡོང་ནས་ཁམ་ཕུ་ཁྲེའི་གནའ་བོའི་ཤེས་དཔལ་ཤེས་རྟོགས་བྱེད་པར་སྟབས་བདེ་བསྐྲུན་ཡོད”ཅེས་ཁམ་ཕུ་ཁྲེའི་བུ་མོ་ཐི་སུའོ་ཕི་ལིས་བཤད།

    ཐི་སུའོ་ཕི་ལི་འདི་ལོ་ལོ་21ལ་སླེབས་པ་དང་ཤན་ལིའི་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་དུ་ལས་ཀ་བྱས་ནས་ལོ་གཅིག་སོང་ཤིང་། ལས་ཀ་དེར་ཁོང་ཧ་ཅང་དགའ་པོ་ཡོད་པ་རེད། “དེ་གའི་ལས་ཀའི་ཁོར་ཡུག་ཧ་ཅང་ཡག་པོ་ཡོད་པ་མ་ཟད། ད་དུང་ཕུལ་བྱུང་གི་ལས་དོན་ཚོགས་པ་ཡོད་པས་རང་ཉིད་ཡར་རྒྱས་ཀྱི་གོ་སྐབས་ཡག་པོ་འདུག”ཅེས་བཤད།

    ཤན་ལིའི་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་ནི་ཀྲུང་གོའི་ཁེ་ལས་ཀྱིས་ཕྱི་རྒྱལ་དུ“འཛུགས་སྐྲུན-གཉེར་ གཉེར་སྐྱོང་-རྩིས་སྤྲོད(BOT)”བཅས་ཀྱི་རྣམ་པའི་ཐོག་ནས་ལག་བསྟར་བྱས་པའི་རྣམ་གྲངས་ཤིག་རེད། གནམ་ཐང་དེ་འཛམ་གླིང་རིག་གནས་ཤུལ་བཞག་ཝུའུ་ཀོའི་གནའ་ཤུལ་དང་བར་ཐག་སྤྱི་ལེ་40ཙམ་ཡོད་པ་དང་དེ་ནི་ཁམ་ཕུ་ཁྲེ་སྲིད་གཞུང་གིས་གཙོ་གནད་ཐོག་གཏོད་པའི་རྒྱལ་སྤྱིའི་གནམ་ཐང་ཆེ་གྲས་ཤིག་རེད། གནམ་ཐང་དེ་ནི་ཡུན་ནན་ཞིང་ཆེན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིས་སྣེ་ཁྲིད་དེ་མ་དངུལ་བཏང་བ་དང་། ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པས་འཛུགས་སྐྲུན་བྱས་པ། ཡུན་ནན་མཁའ་འགྲུལ་ཐོན་སྐྱེད་མ་འཇོག་ཚོགས་པས་གནམ་ཐང་གི་གཉེར་སྐྱོང་དོ་དམ་གྱི་འགན་ཁྱོན་ཡོངས་ནས་འཁུར་བ་བཅས་རེད།

    ཟླ་10ཚེས་16ཉིན་ཤན་ལིའོ་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་གཅིག་འཁོར་ཡོད། དེ་ཉིན་འཚོགས་པའི་རྟེན་འབྲེལ་མཛད་སྒོའི་ཐོག་ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཝུན་པིན་དང་། ཁམ་ཕུ་ཁྲེའི་དམངས་སྤྱོད་མཁའ་འགྲུལ་རྒྱལ་དོན་དྲུང་ཡིག་ཁྲུའི་བློན་ཆེན་མའོ་ཧ་དབན་ན། ཤན་ལི་ཞིང་ཆེན་གྱི་ཧྲེང་ཀྲང་པུའུ་ལ་སུའོ་ཧྥན་བཅས་དང་དེ་བཞིན་ཀྲུང་ཁམ་ཕྱོགས་གཉིས་པོའི་འབྲེལ་ཡོད་མི་སྣ་སོགས་མི་གྲངས་500ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    མའོ་ཧ་དབན་ན་ཡིས་རྟེན་འབྲེལ་མཛད་སྒོའི་ཐོག་ཤན་ལིའི་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་ནི་ཁམ་ཀྲུང་མཛའ་གྲོགས་ཀྱི་གྲུབ་འབྲས་ཤིག་ཡིན་པ་དེས་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་བཏོད་ཡོད་པ་མ་ཟད། ད་དུང་རྒྱལ་སྤྱིའི་ཡུལ་སྐོར་བའི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་ཐུབ་པ་དང་ཁམ་ཕུ་ཁྲེའི་མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྐུལ་འདེད་གཏོང་ཐུབ་ཡོད། ཤན་ལིའི་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་གིས་རང་ངོས་ཀྱི་ལེགས་ཆ་མུ་མཐུད་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་གོ་སྐབས་སྟངས་འཛིན་བྱས་ཏེ་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    གནམ་ཐང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་གཅིག་སོང་རིང་ཤན་ལིའི་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་གིས་དུས་གཏན་གནམ་གྲུ་ཐེངས་གྲངས་ཁྲི་1.47འགན་ལེན་བྱས་པ་དང་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་132ཟིན་ཡོད་པ་རེད། གནམ་ཐང་དུ་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་8དང་གྲོང་ཁྱེར་15བར་གྱི་མཁའ་ལམ་ཤར་གཏོང་ཐུབ་ནས་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་དང་ས་ཁུལ་མང་པོ་དང་འབྲེལ་མཐུད་ཐུབ་ནས་ཁམ་ཕུ་ཁྲེ་དང་རྒྱལ་ཁབ་གཞན་དག་དབར་གྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་ལ་སྐུལ་མ་ཐེབས་ཡོད་པ་རེད།

    ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་ཡུལ་སྐོར་སྐྱེལ་འདྲེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཅིན་ཕ་ལིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ལོ་གཅིག་རིང་མཐུན་ཚོགས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་བརྒྱ་ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་ལས་མིའི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། ཁོང་གིས་གནམ་ཐང་འདིས་ས་གནས་དེ་གའི་མིའི་འཚོ་བ་ལེགས་སུ་བཏང་ཡོད་པས་ཡུལ་སྐོར་བ་དེ་བས་མང་བ་ཤན་ལིར་ཡུལ་སྐོར་དུ་ཡོང་བར་སྣེ་ཁྲིད་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

རྟེན་འབྲེལ་མཛད་སྒོའི་ཐོག་གནམ་ཐང་ཕྱོགས་ཀྱིས་དུས་གཏན་མཁའ་ལམ་གསར་པ་གཏོད་པ་དང་མཁའ་འགྲུལ་ཀུང་སི་གསར་པ་བཅའ་སྡོད་བྱེད་པ་སོགས་ཀྱི་ལྕག་སྐུལ་ཇུས་གཞི་དང་ཞིབ་ཕྲའི་བྱེད་ཐབས་ཡོངས་བསྒྲགས་བྱས་ཡོད། མཁའ་འགྲུལ་ཀུང་སི་དེ་བས་མང་བས་མཁའ་ལམ་གཏོད་པ་དང་ལས་སྒོ་རྒྱ་ཆེར་གཏོང་རྒྱུར་སྔར་བས་ལྕག་སྐུལ་དང་། འགུག་ཐབས། སྐུལ་འདེད་བཅས་བཏང་སྟེ་ཁམ་ཕུ་ཁྲེའི་ཡུལ་སྐོར་ཁྲོམ་ར་སླར་གསོ་དང་མཁའ་འགྲུལ་ཁྲོམ་ར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།