འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་28ཉིན།

༄༅།།རྨ་ལྷོར་བསྐྱོད་པའི་མཐོང་ཐོས།

དབྱི་ཧན་དབྱིན།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་28ཉིན། 10:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འཁྲུག་ཆེ་བའི་ལམ་དེ་བརྒྱུད་རྗེས། ང་ཚོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་དུ་སླེབས་སོང་། རྒྱང་ལ་བལྟས་ཚེ་ཀྱག་ཀྱོག་གི་རི་རྒྱུད་དག་མུ་མཐའ་མེད་པའི་ས་མཐར་རིང་དུ་བསྲིངས། ས་ཁད་ཡངས་པའི་གཤོང་སར་གསེར་འོད་ཆེམ་ཆེམ་གྱི་གཙང་པོ་ཞིག་མུ་ཏིག་སྟར་ལ་རྒྱུས་འདྲའི་ལྷུན་པོའི་གསེབ་ནས་རེས་གསལ་རེས་མོག་གིས་སིམ་སིམ་དུ་རྒྱུག་པ་དང་དེ་ནས་མཛེས་ཉམས་ལྡན་པའི་ཁུག་སོ་ཞིག་གྲུབ་རྗེས་ལྷུན་པོའི་བང་རིམ་ཁྲོད་དུ་ཡིབ་སོང་། གཙང་པོ་འདི་ནི་སྐད་གྲགས་ཆོད་པའི་རྨ་ཆུ་རེད།

     གཤོང་སའི་དབུས་སུ་སིམ་སིམ་དུ་རྒྱུག་པའི་རྨ་ཆུ་དེ་ང་ཚོས་དུས་རྒྱུན་མཐོང་བའི་རྦ་རླབས་ལང་ལོང་དུ་འཕྱུར་བའི་རྨ་ཆུ་དང་རྩ་བ་ནས་འདྲ་གི་མེད། ད་བྱེད་དུས་རྨ་ཆུའི་འབྱུང་ཁུངས་མཚོ་སྔོན་ས་མཐོར་རྨ་ཆུ་ནི་གཤིས་འཇམ་ཞི་ལྷོད་ཀྱི་མི་ཞིག་དང་ཀུན་ནས་མཚུངས།

     རླངས་འཁོར་བཏང་ནས་རྨ་ཆུའི་ཆུ་འགོའི་ཕྱོགས་སུ་སྐྱོད་པའི་ལམ་བར་དུ་ཀྱག་ཀྱོག་གི་རི་ལམ་ཞིག་སྒྲོལ་མ་ཐག་ང་ཚོའི་མིག་ལམ་དུ་བརྗིད་ཉམས་ལྡན་པའི་ཆུ་རགས་ཆེན་པོ(ལི་ཅཱ་འགག་ཆུ་མཛོད)ཞིག་མངོན་བྱུང་། ཆུ་རགས་འདི་མཐོང་མ་ཐག་གོང་གི་སིམ་སིམ་དུ་རྒྱུག་པའི་རྨ་ཆུ་དེ་མི་ཐབས་ལ་བརྟེན་ནས་རྒྱུག་པའི་ཆུ་ཕྲན་ཞིག་ཡིན་པ་གཞི་ནས་ཤེས་བྱུང་། རགས་ཆེན་གྱི་རྒྱབ་ངོས་ནི་རླབས་སྔོན་ཆལ་ཆིལ་དུ་གཡོ་བའི་ཆུ་བོ་ཁ་ཞེང་ཆེན་པོ་ཞིག་ཡིན་ཞིང་། མེ་ལོང་ལྟར་གཡའ་དག་པའི་ཆུ་ཁར་མཛེས་སྡུག་ལྡན་པའི་རི་ཆུའི་རི་མོ་ཞིག་འཕྱོ་བ་དང་ཀུན་ནས་མཚུངས། རི་བྱད་སྣ་ཚོགས་ཀྱི་མུ་འབྲེལ་རི་རྒྱུད་ཁྲོད་པདྨ་དཀར་པོ་འདྲ་བའི་སྤྲིན་ཚོམ་རང་དགར་ལྡིང་། ངས་སྣེ་ཤན་པར་ལྷ་ཡུལ་ལྟ་བུའི་གནས་འདི་གང་དུ་ཡིན་ཞེས་དྲིས་པ་ན། གཞི་ནས་ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཡིན་པ་ཤེས་བྱུང་།

     ལམ་བར་དུ་དྭངས་སིལ་སིལ་གྱི་རྨ་ཆུའི་མཛེས་ཉམས་ཀྱིས་རྦད་དེ་ཡིད་དབང་བཀུག་ནས་རྨ་ལྷོ་ཀྲོའུ་ཐུན་རིན་གྲོང་ཁྱེར་གྱི་རོང་བོ་གྲོང་རྡལ་དུ་ཇི་ལྟར་སླེབས་པའང་མི་ཤེས། ས་ཁད་ཡངས་པའི་གཤོང་སར་བསྐྲུན་པའི་དེང་རབས་ཅན་གྱི་སྐྲུན་དངོས་ཚོགས་ལས་གནམ་ས་གསར་པ་ཞིག་མིག་ལམ་དུ་འཆར། འོན་ཀྱང་རོང་བོ་གྲོང་རྡལ་དུ་སྤྲོ་འཆམ་འགྲོ་སྐབས་སྲང་ལམ་ཁག་ཏུ་སྔར་བཞིན་ལོ་ཟླ་གྲངས་མེད་འདས་པའི་གནའ་བོའི་ཁང་པ་མཐོང་རྒྱུ་ཡོད་ཅིང་། དེང་རབས་དང་ལོ་རྒྱུས་གནས་དེར་ཞི་མཐུན་མཉམ་གནས་ཐུབ་ཡོད། རྣམ་པ་འདི་མཐོང་དུས“གསེར་མདོག་གི་གཤོང་ས”འདིའི་ལོ་རྒྱུས་རིག་གནས་ལས་རང་བློར་འཆར་ཡན་གྱི་མེ་ཏོག་སྣ་ཚོགས་བཞད།

     རི་བོའི་ཕུ་ནས་རྒྱུག་ཡོང་བའི་རོང་བོ་གཙང་པོ་ནི་རྨ་ཆུའི་ཆུ་ཕྲན་ཡིན་ཞིང་། ལོ་ཟླ་གྲངས་མེད་འདས་པའི་གནའ་བོའི་གཙང་པོ་དེར་ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ཁྲོད“རོང་བོ་ཁུག་དགུའི་རྣམ་པ”ཁྱད་དུ་འཕགས་པ་དེ་གྲུབ་ནས། གནས་འདིའི་ཚེ་སྲོག་ཁྲི་སྟོང་མང་པོ་བསྐྱངས་པ་མ་ཟད། ད་དུང་མཚར་སྡུག་ལྡན་པའི་རིག་གནས་ཀྱང་བཏོད་ཡོད།

    རོང་བོ་ནི་ཁོང་ཡངས་ཤིག་ཡིན། ཁོང་ཡངས་ཀྱི་དཔྱད་གཞིར་འཛིན་རེས་བྱེད་པའི་ལོ་རྒྱུས་རིག་གནས་དེའི་ཁྲོད་སྤྱི་ལོའི་དུས་རབས་13པར་རོང་བོར་ཀུན་དང་མི་འདྲ་བའི་རེབ་གོང་ཐང་གའི་འབྲི་རྒྱུན་དར་ཡོད། ཡུན་རིང་ལོ་ཟླའི་འཕོ་འགྱུར་ཁྲོད་གནའ་བོའི་མི་རིགས་སྒྱུ་རྩལ་འདི་གནས་དེར་རྩ་བ་ཚུགས་ནས་མྱུ་གུ་འབུས་པ་དང་། ལོ་རྒྱུས་འཕེལ་རིམ་ཁྲོད་འགྱིང་ངེར་གནས་པ། ས་མཐོའི་ཉམས་བཟང་གཅིག་ཏུ་བསྡུས་པ། རིག་གནས་སྣ་མང་མཉམ་དུ་འདུས་པ། རྒྱུན་འཛིན་དང་དཔྱད་གཞིར་འཛིན་རེས་ཁྲོད་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད།

      རེབ་གོང་ཐང་གའི་སྒྱུ་རྩལ་གླིང་དུ་སྐྱོད་སྐབས་ཐང་ག་འབྲི་བཞེངས་ཀྱི་རྣམ་པ་དེར་ཧ་ལས་དགོས་པ་ཞིག་ཡོད། མཐོ་ཞིང་ཆེ་བའི་གྱང་ངོས་སུ་ཐང་ག་ཆེན་པོ་ཞིག་བཀལ་ནས་བཞེངས་བཞིན་འདུག ལྷ་བྲིས་པ་བཅུ་གྲངས་ལས་ཁྲིའི་ཕྱོགས་ཁག་ལ་བསྡད་ནས་ཐང་ག་ཆེན་པོ་དེའི་སྟེང་དུ་རང་རང་གི་འབྲི་བྱའི་ནང་དོན་གང་དེ་འབྲི་བཞིན་མཆིས། ཁོང་ཚོའི་ཁ་ཁུ་སིམ་ཞིང་རིག་པ་རྩེ་གཅིག་ཏུ་འགྲིམ་པའི་རྒྱབ་གཟུགས་ལས་ཁོང་ཚོ་ནི་ཐང་ག་ཆེན་པོའི་དེའི་ཆ་ཤས་ཤིག་ཡིན་པའི་ཚོར་སྣང་སྦྱིན་ཞིང་། ཁོང་ཚོའི་གྲིབ་གཟུགས་དེ་འོ་ཆུ་འདྲེས་པ་ལྟར་ཐང་ག་དང་རྦད་དེ་མཉམ་འདྲེས་ཐུབ་ནས་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་བྱེད་པའི་ཆ་ཤས་ཤིག་ལ་གྱུར། ངས་བལྟས་ན། ཁོང་ཚོའི་སླ་བཅོས་སྤུ་ཙམ་མི་བྱེད་པའི་ཉམས་བཟང་དེ་ལས་ད་གཟོད་མཚོ་བོད་ས་མཐོའི་མཛེས་ཉམས་དེ་སྐྱེ་བོ་ཀུན་གྱི་མིག་ལམ་དུ་ཇི་མ་ཇི་བཞིན་མངོན་ཐུབ་པའི་ངོས་འཛིན་བྱུང་།

      ཡངས་ཤིང་རྒྱ་ཆེ་བའི་མཚོ་སྔོན་དུ་སྐྱོད་རིང་། དེ་གའི་ནམ་མཁའ་གཡའ་དག་ཅིང་སྤྲིན་དཀར་དལ་བུར་རྒྱུ་བ་དང་། གཡང་གཟར་རི་ཚོགས་ཁྲོད་ནས་སྐབས་སྐབས་སུ་གཡང་དཀར་ལུག་ཁྱུ་རྩྭ་ཁ་གང་བཟང་ལ་རོལ་བཞིན་པ་མཐོང་། གཡང་དཀར་ལུག་ཁྱུ་དང་ཨ་སྔོན་སྤྲིན་དཀར་གཅིག་ལ་གཅིག་རྒྱན་དུ་གྱུར་ལ། སྐབས་ཤིག་རིང་གཡང་དཀར་ལུག་ཁྱུ་ནམ་མཁའི་སྤྲིན་ཚོགས་ཀྱི་ཀློང་དུ་འཐིམས་ནས་སྤྲིན་དཀར་དང་གཞི་གཅིག་ཏུ་འདྲེས་པའི་འཆར་སྣང་ཡང་སྐྱེས་བྱུང་། ངས་མིག་ལ་འཕུར་འཕུར་ཡང་ཡང་བཏང་ནས་ད་ལྟ་མིག་ལམ་དུ་ཤར་བའི་འཆར་སྣང་འདི་མངོན་སུམ་ཡིན་མིན་ལྟ་དུས། མཐའ་ཡས་རྩྭ་ཐང་ནས་སྙན་འཇེབས་ལྡན་པའི་འགྱུར་ཁུག་ཅིག་རྣ་བའི་བུ་གར་ལྷང་ལྷང་དུ་གྲགས་བྱུང་། འགྱུར་ཁུག་སྙན་པོ་དེ་ལས་ང་རང་ད་ལྟ་མཛེས་སྡུག་ལྡན་པའི་རི་མོའི་ཁྲོད་བསྐྱོད་དང་སྐྱོད་བཞིན་པ་ཚོར་བྱུང་།