འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་25ཉིན།

༄༅།།མཚོ་སྔོན་གྱི་སྐྱེ་ལྡན་རྩྭ་ཐང་ལྟ་ཞིབ་ཚད་ལེན་གྱི་རྒྱ་ཁྱོན་མུའུ་དུང་ཕྱུར་3 ལས་ཚད་བརྒལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་25ཉིན། 10:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་སྐྱེ་ལྡན་རྩྭ་ཐང་ལྟ་ཞིབ་ཚད་ལེན་གྱི་རྒྱ་ཁྱོན་མུའུ་དུང་ཕྱུར་3ལས་ཚད་བརྒལ་བྱུང་བ་དེས་ཞིང་ཆེན་ཡོངས་ཀྱི་སྤྱོད་ཆོག་པའི་རྩྭ་སའི་རྒྱ་ཁྱོན་བསྡོམས་འབོར་གྱི་50.3%བཟུང་བ་དང་། རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས(འབྲི་གཡག་དང་བོད་ལུག)རྟེན་གཞི་5བསྐྲུན་པ། རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་རྒྱུ་ཆ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་གཏོད་ཁྱོན་མུའུ་ཁྲི་128.19ཟིན་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

    2021ལོར་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། མཚོ་སྔོན་གྱིས་ཞིང་འབྲོག་ལས་ལྗང་མདོག་ཕྱོགས་སྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། ཞིང་ཆེན་དང་པུའུ་ཡིས་ཐུན་མོང་ཐོག་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་སྲིད་ཇུས་ཁག་གི་སྐུལ་འདེད་ཤུགས་ཆེན་འོག་ཀྲུང་གོ་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས། ལྗང་མདོག་སྐྱེ་ལྡན་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཁས་ལེན་དཔང་འདོན་གྱི་ཐོ་འགོད་ཚད་ཤུགས་ཆེ་རུ་བཏང་ཡོད། མིག་སྔར་ལྗང་མདོག་བཟའ་བཅའ་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་བཅས་ཀྱི་ཁས་ལེན་དཔང་འདོན་གྱི་བསྡོམས་འབོར་1200ཟིན་པ་དང་། རིམ་རྩིས་བྱས་ན་རྒྱལ་ཡོངས་ཀྱི་གྲགས་ཅན་དང་། ཁྱད་ལྡན། སྤུས་ལེགས། གསར་པ་བཅས་ཀྱི་ཞིང་ལས་ཐོན་རྫས་26གཏན་འཁེལ་བྱས་པ་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས་819ཁས་ལེན་དཔང་འདོན་བྱས་ཡོད་པ་རེད།

    དུས་མཚུངས་སུ་མཚོ་སྔོན་གྱིས་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་དང་ནད་འབུའི་གནོད་འཚེའི་འབྱུང་འཕྲོད་སྔོན་འགོག་ཚོད་འཛིན་ཚབ་བྱེད་ལག་རྩལ་ཁྱབ་གདལ་ཧུར་ཐག་བཏང་ཞིང་། སྐྱེ་དངོས་ཀྱི་འབེབས་འབྱེད་འགྱིག་ཤོག་སྤྱོད་རྒྱུར་སྐུལ་འདེད་བཏང་བ་དང་། རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་རྒྱ་ཁྱོན་གྱིས་རྨོན་འདེབས་རྒྱ་ཁྱོན་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཟིན་པ། འབྱུང་འཕྲོད་སྔོན་འགོད་ཚོད་འཛིན་ཁྱབ་ཚད་47.5%ཟིན་པ་བཅས་རེད། སོག་མའི་ཕྱོགས་བསྡུས་སྤྱོད་ཚད་དང་། ཞིང་ཁའི་བེད་མེད་འགྱིག་ཤོག་བསྡུ་ཚད། རྫབ་ལུད་ཐོན་ཁུངས་ཅན་གྱི་སྤྱོད་ཚད་བཅས་90%དང་། 90% 83%བཅས་སོ་སོར་ཟིན་ཞིང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་འཆར་ཅན་ལྟ་ཞིབ་ཚད་ལེན་བྱས་པར་ཚད་ལོན་ཚད་98%ལྷག་ཙམ་ཟིན་ཡོད།