འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་24ཉིན།

༄༅།།“གློག་ཤུགས་ཀྱི་འོད་སྣང”གངས་ལྗོངས་ས་མཐོར་འཕྲོས་པ།

—— མཚོ་སྔོན་སུ་རུར་གློག་དྲ་ཆེན་མོ་སྣུར་སྲིང་ཐུབ་པའི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་24ཉིན། 10:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཤེ་ཐུང་ཆང་།

    ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་སུ་རུ་ཤང་གི་བུ་བཅོལ་ཁང་དུ། ཐུན་མོང་མ་ཡིན་པའི་ཚན་རིག་སློབ་ཚན་ཞིག་འཁྲིད་བཞིན་ཡོད་པ་དང་། རྒན་བློ་བཟང་སྒྲོལ་མས་སློབ་ཚན་འཁྲིད་ཀྱིན་སྒེའུ་ཁུང་ཕྱི་རོལ་གྱི་གློག་སྐུད་ལ་མཛུབ་མོ་བཙུགས་ཏེ་འགྲེལ་བཤད་རྒྱག་བཞིན་འདུག

     སློབ་ཁྲིད་ལས་ལ་གཞོལ་ནས་ལོ་གཉིས་སོང་བའི་བློ་བཟང་སྒྲོལ་མ་ནི་སུ་རུ་ཤང་བུ་བཅོལ་ཁང་གི་ཕྲུ་གུ་7གྱི་དགེ་རྒན་རེད་ལ། ཁོང་གིས་ཨ་མ་དང་འདྲ་བར་ཕྲུ་གུ་ཚོའི་འཚོ་བར་ལྟ་རྟོག་ཀྱང་བྱེད་ཀྱི་ཡོད། སློབ་ཁང་ཕྱི་རོལ་གྱི་ལོ་བཅུ་ཙམ་བེད་སྤྱད་པའི་འོད་ཤུགས་པང་ལེབ་གཉིས་ནི་དེ་སྔོན་སློབ་ཁང་གི་གློག་ཁུངས་གཅིག་པུ་དེ་རེད།

    འོད་ཤུགས་གློག་གིས་ཆུ་འཐེན་འཕྲུལ་འཁོར་ཐེག་གི་མེད་པས། སློབ་ཚན་གྲོལ་རྗེས་བློ་བཟང་སྒྲོལ་མ་ཆུ་ཀ་ལ་ཡོད་པའི་ཤང་འཕྲོད་བསྟེན་ཁང་དུ་ཆུ་ལེན་པར་འགྲོ་དགོས་ཀྱི་ཡོད། ཤང་འཕྲོད་བསྟེན་ཁང་ཡང་ས་གནས་དེ་གའི་མང་ཚོགས་ཀྱི་ཆུ་ཁུངས་ཤིག་ཏུ་གྱུར་ཞིང་། གྲོང་མི་ཚོས་འཁོར་གསུམ་རྐང་འཁོར་སོགས་བཏང་ནས་དེ་གར་ཆུ་ལེན་པར་ཡོང་གི་ཡོད།

    སུ་རུ་ཤང་ནི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་དཀྱིལ་དུ་གནས་པ་དང་ཐེམ་ཆེན་རྫོང་གྲོང་དང་བར་ཐག་སྤྱི་ལེ་260ལྷག་ཙམ་ཆོད་ཡོད། འདི་ག་ནི་དེ་སྔ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་ཡི་གློག་དྲ་ཆེན་མོ་མ་ཁྱབ་པའི་ཤང་མཐའ་མ་དེ་རེད། ས་གནས་དེ་གའི་ས་བབ་མཐོ་བ་དང་འབྲོག་པ་རྣམས་ཁ་ཐོར་དུ་གནས་ནས་གློག་དྲའི་ཐེག་ཚད་ལྟེ་གནས་དང་བར་ཐག་རིང་པོ་ཡོད། 2015ལོ་ཚུན་ནས་གཅིག་སྡུད་རྣམ་པའི་འོད་ཤུགས་གློག་མཁོ་འདོན་བྱེད་ཀྱི་ཡོད། གློག་དྲ་ཆེན་མོའི་གློག་དང་ཆུ་ཀ་ལ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ་དེ་སུ་རུ་ཤང་གི་ཁྱིམ་ཚང་ཚང་མའི་རེ་སྒུག་ཅིག་ཏུ་གྱུར་ཡོད།

     2023ལོའི་ཟླ་10པར། སུ་རུ་ཤང་གི་གློག་དྲ་ཆེན་མོ་སྣུར་སྲིང་དང་གློག་ཤར་གཏོང་གི་ལས་གྲྭ་ལས་འགོ་ཚུགས་ནས་ལས་གྲྭར་ཁྱོན་ལྕགས་སྒྲོམ་132བསྐྲུན་པ་དང་། སྤྱི་ལེ་40ལྷག་ཙམ་གྱི་ཆན་ཧྥུའུ་35ཡི་སྐུད་ལམ་འཁྲིད་པ། ཆན་ཧྥུའུ་35ཡི་གློག་སྒྱུར་ས་ཚིགས་ཤིག་གསར་སྐྲུན་བཅས་བྱེད་དགོས་ཀྱི་ཡོད།

    ཟླ་9ཚེས་29ཉིན། ལས་གྲྭ་འཛུགས་སྐྲུན་དུས་ཡུན་ཟླ་11བྱས་མཐར་སུ་རུའི་ཆན་ཧྥུའུ་35ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭས་གློག་བདེ་བླག་ངང་གཏོང་འགོ་ཚུགས་ཤིང་། དུས་དེ་ནས་བཟུང་། སུ་རུ་ཤང་གི“ཉི་མར་བརྟེན་ནས་གློག་སྤྱོད་པའི”ལོ་རྒྱུས་མཇུག་འགྲིལ་ཡོད།

     གློག་ཤར་གཏོང་ཐུབ་རྗེས་ཀྱི་རྒྱལ་སྟོན་གུང་གསེང་རིང་སུ་རུ་ཤང་གི་མི་རིགས་ཁག་གི་མང་ཚོགས་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་གླུ་ལེན་གར་འཁྲབ་ཀྱིས་གློག་ཤར་གཏོང་ཐུབ་པར་རྟེན་འབྲེལ་ཞུས། ལོ་65ལ་སླེབས་པའི་སུ་རུ་ཤང་གདུགས་འཁོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཅིན་པའོ་ཡིས་གློག་དྲ་ཆེན་མོའི་གློག་ཤར་གཏོང་ཐུབ་པའི་ཉིན་དེར་གྲོང་ཚོའི་གྲོང་མི་སུ་ཞིག་ལས་ཀྱང་རེ་སྒུག་ཆེ་བ་བྱེད་ཀྱི་ཡོད།

    ཅིན་པའོ་ལ་སྔ་ས་ནས་མི་སེམས་ལ་སྐུལ་མ་ཐེབས་པའི་འཆར་གཞི་མང་པོ་ཡོད་པ་སྟེ། དང་ཐོག་ཁོང་གིས་གྲོང་ཚོའི་དམངས་སྲོལ་གནས་ཚང་གི་ཡུལ་སྐོར་རྣམ་གྲངས་སྤེལ་འགོ་བཙུགས་ནས་གདུགས་འཁོར་གྲོང་ཚོའི་རང་བྱུང་མཛེས་ལྗོངས་དང་མི་རིགས་རིག་གནས་གྲོང་གསེབ་ཡུལ་སྐོར་གྱི་མིང་བྱང་དུ་འགྱུར་བ་བྱ་རྩིས་ཡོད་པ་རེད། ཁོང་གིས་ད་དུང་ཚགས་ཤ་དང་ལུག་ཤ་ལས་སྣོན་བཟོ་གྲྭ་བཙུགས་ནས་གྲོང་ཚོའི་ནང་ཁ་ཐོར་དུ་གསོ་ཚགས་བྱེད་པའི་ནོར་ལུག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་རྗེས། གཞི་ཁྱོན་ལྡན་པའི་གསོ་ཚགས་བྱེད་པ་དང་གཟན་ཆག་ཞིབ་འཐག་འཕྲུལ་ཆས་ཉོས་ཏེ་གཟན་ཆག་ལས་སྣོན་འཕེལ་རྒྱས་གཏོང་རྩིས་ཡོད་པ་རེད།

    “ང་ཚོའི་ཕ་ཚ་བུ་རྒྱུད་ཚང་མ་ཕྱུགས་འཚོ་མཁན་ཡིན་པ་དང་ནོར་ལུག་གང་དུ་ཡོད་པ་དེར་ཁྱིམ་ཚང་ཡང་ཡོད། སུ་རུར་ཧྲུའུ་ལེ་གཙང་པོ་དང་། ཧ་ལ་མཚོ། མཐུན་སྒྲིལ་རི་བོ་བཅས་ཀྱི་མཛེས་ལྗོངས་ཡག་པོ་ཡོད། ད་ཆ་གློག་དྲ་ཆེན་མོའི་གློག་ཤར་གཏོང་ཐུབ་པས་ང་ཚོས་ཕ་ཡུལ་བརྟན་སྲུང་དང་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་དགོས་ངེས་རེད”ཅེས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སུ་རུ་བདག་སྐྱོང་ས་ཚིགས་ཀྱི་བདག་སྐྱོང་བ་སྟོབས་ལྡན་གྱིས་བཤད།

    “མཚོ་ནུབ་སུ་རུ་ཤང་ནི་མཚོ་སྔོན་གྱི་གློག་དྲ་ཆེན་མོ་ལྔའི་གློག་གཏོང་འདུ་འགོད་ཁྲོད་ནས་ཐོག་མར་བསྐྲུན་ཟིན་ཏེ་གློག་གཏོང་འགོ་ཚུགས་པ་ཞིག་རེད”ཅེས་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་འཛུགས་སྐྲུན་པུའི་ཀྲུའུ་རེན་ཧོ་ཨེན་ཅ་ཡིས་བཤད་པ་དང་། ཁོང་གིས་2024ལོར་མཚོ་སྔོན་ཞིང་ཆེན་གྱིས་དམངས་འཚོའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་གློག་དྲ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་2.6བཏང་བ་དང་ཡུལ་ཤུལ་ཚུད་པའི་ཤང་4ཡི་གློག་དྲ་ཆེན་མོ་སྣུར་སྲིང་དང་གློག་ཤར་གཏོང་སོགས་ཀྱི་གློག་དྲའི་འདུ་འགོད་348ནུས་ཤུགས་ཡོད་རྒུས་སྐྲུན་བཞིན་ཡོད་ཅེས་བཤད།

     ཟླ་བཅུ་པའི་མཚོ་བོད་ས་མཐོར་ཉི་མ་དེ་ཙམ་ཚ་པོ་མེད་པ་དང་མདོ་ལ་རིང་མོའི་རི་རྒྱུད་དུ་སྟོན་ཉམས་ཀྱིས་ཁེངས། རི་སྟེང་གི་ལྕགས་ཀྱི་མཐོ་ལྕོག་སྤྲིན་པར་བསྙེགས་པ་དང་རི་གཤམ་དུ་གསར་དུ་བསྐྲུན་པའི་ཆན་ཧྥུའུ་35ཡི་སུ་རུ་གློག་སྒྱུར་ས་ཚིགས་ཀྲོང་ངེར་གནས་ནས་ས་གཞི་དེའི་ནུས་རྒྱུའི་གློག་རྒྱུན་སྲུང་བཞིན་ཡོད་པ་རེད།