འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་21ཉིན།

༄༅།།དོན་འདི་ལོ་གཅིག་ལ་ཕྱིར་འགྱངས་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་21ཉིན། 11:19】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་18ཉིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2752ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་དོན། ཧེ་ཐིར་བཀག་སྡོམ་བྱེད་པ་དེ་ལོ་གཅིག་ཕྱིར་འགྱངས་བྱ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱི་འཐུས་མིས་ཕྱོགས་ཁག་གིས་གྲོས་ཆོད་ལག་ལེན་ནན་ཏན་བསྟར་ནས་བྱེད་ཐབས་གསར་པ་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་སྟེ། ཧེ་ཐིའི་ནག་ཚོགས་ལ་ཟིལ་གནོན་གྱི་ནུས་པ་དངོས་སུ་ཐོན་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཀེང་ཧྲོང་གིས། འདས་ཟིན་པའི་ལོ་གཅིག་ནང་ཧེ་ཐིའི་བཀག་སྡོམ་ཨུ་ལྷན་གྱིས་འབྲེལ་ཡོད་གྲོས་ཆོད་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ་དང་། ལྷག་པར་དུ་ཧེ་ཐིའི་གོ་མཚོན་དམག་དོན་སྐྱེལ་འདྲེན་ཐད་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་ཧུར་ཐག་བྱས་ཡོད། འོན་ཀྱང་ཧེ་ཐི་ཡི་བདེ་འཇགས་གནས་ཚུལ་ལེགས་སུ་ཕྱིན་མེད་པ་དང་། ནག་ཚོགས་ཀྱི་གཏུམ་སྤྱོད་སྔར་བཞིན་ཆེན་པོ་ཡོད་པ་མ་ཟད། ཐ་ན་རྒྱ་ཆེར་འགྲོ་བའི་གནས་ཚུལ་ཡང་ཐོན་ཡོད། དེའི་ཐོག་ནས་མཚོན་ཆ་དབོར་འདྲེན་བྱེད་མི་ཆོག་པའི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་མེད་པ་དང་། མཚོན་ཆ་དང་རྫས་མདེལ་སྔར་བཞིན་རྒྱུན་མཐུད་ངང་འདྲེན་པ། ཧེ་ཐི་མི་དམངས་ཀྱི་བདེ་འཇགས་ལ་སྔར་བཞིན་འཇིགས་སྐུལ་ཚབས་ཆེན་ཐེབས་ཡོད་པ་གསལ་བཤད་ཐུབ་ཅེས་བཤད་པ་རེད།

ཀེང་ཧྲོང་གིས་བསྟན་དོན། ཕྱིའི་རྒྱབ་སྐྱོར་ནི་འཕྲལ་བཅོས་ཙམ་ལས་རྩ་བཅོས་མིན། ཧེ་ཐི་དཀའ་ངལ་ལས་སྒྲོལ་དགོས་ན་རྩ་བའི་ཆ་ནས་ད་དུང་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་དགོས། ཁྲིམས་མཐུན་དང་འགན་འཁུར། ནུས་ལྡན་བཅས་ཀྱི་སྲིད་གཞུང་གང་མགྱོགས་བཙུགས་ཏེ། “ཧེ་ཐི་བས་གཙོ་ཁྲིད་བྱེད་པ་དང་ཧེ་ཐི་བར་དབང་བའི”ཆབ་སྲིད་ཀྱི་འཕེལ་རིམ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཧེ་ཐིའི་ཏང་ཤོག་ཁག་གིས་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས། ཆབ་སྲིད་གྲོས་མོལ་ལ་ཤུགས་རྒྱག་པ་དང་ཐུན་མོང་གི་ངོས་འཛིན་འཚོལ་ཞིབ་བྱས་ཏེ། ཆབ་སྲིད་ཀྱི་འཕེལ་རིམ་ལ་གང་མགྱོགས་ཀྱིས་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།