འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་21ཉིན།

༄༅།།ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་རྒྱུན་འཛིན་དང་གསར་གཏོད།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝུའེ་ཀོན་ཡུས། ཧྲེན་ཞའོ་མོང་། ཧོའུ་ཀྲའོ་ཅིང་།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་21ཉིན། 10:46】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    

འདི་ནི་ཀརྨ་བདེ་ལེགས་ཀྱིས་ཐང་ག་འབྲི་ཞོར་དུ་ངལ་གསོ་བཞིན་པ།

འདི་ནི་ཀརྨ་བདེ་ལེགས་ཀྱིས་ཐང་ག་འབྲི་ཞོར་དུ་ངལ་གསོ་བཞིན་པ།

འདི་ལོའི་དབྱར་ཁར《ཕོ་བྲང་པོ་ཏ་ལ》ཞེས་པའི་དངོས་མཚོན་པར་གཞི་བསྟན་རྗེས། བོད་ཀྱི་མཛེས་སྡུག་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་འདི་ཉིད་ལྟ་མཁན་མང་པོའི་སེམས་ནང་ཟུག་པ་མ་ཟད། མི་དེ་བས་མང་བས་བློ་རྒྱ་ཡངས་ཤིང་སྣང་བ་སྐྱིད་པའི་བོད་རིགས་ཀྱི་ལྷ་རིས(ཆབ་མདོའི་ཀརྨ་སྒར་བྲིས་ལུགས)རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཀརྨ་བདེ་ལེགས་ལ་རྒྱུས་མངའ་བྱུང་ཡོད། ཁོང་གིས་ཚད་ཡོད་ཀྱི་མི་ཚེ་དང་སྒྱུ་རྩལ་ལ་ཉམས་པ་མེད་པའི་བསམ་བློ་གཏོང་སྟངས་དེ་ནི་ཐང་གའི་ལུགས་ཀྱི་རྒྱུན་འཛིན་དང་གསར་གཏོད་ཅིག་རེད།

    ཟླ་9པར་གསར་འགོད་པས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀརྨ་ཤང་ནས་ལོ་92ལ་སླེབས་པའི་ཀརྨ་བདེ་ལེགས་འཕྲད་དུས། ཁོང་རང་ཁྱིམ་དུ་ཐང་ག་བཞེངས་བཞིན་ཡོད་པ་དང་ཚ་བོ་བསྟན་འཛིན་ཕུན་ཚོགས་ཀྱིས་ལག་གཡོག་རྒྱུག་བཞིན་མཆིས།

     ཀརྨ་བདེ་ལེགས་ནི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་མི་རབས་བཅུ་པ་དེ་ཡིན་པ་དང་། བསྟན་འཛིན་ཕུན་ཚོགས་ནི་རྒྱུན་འཛིན་པ་མི་རབས་བཅུ་གཅིག་པ་དེ་ཡིན་ཞིང་། དེའི་ཁྲོད་དུ་མི་རབས་གཅིག་ཐང་ག་བཞེངས་མཁན་མེད་པར་ལུས་པ་ནི་བསྟན་འཛིན་ཕུན་ཚོགས་ཀྱི་ཨ་མ་རེད།

    “སྔོན་ཆད་ཐང་ག་བུ་ལ་མ་གཏོགས་བུ་མོར་སློབ་ཀྱི་མེད་པས། རང་ཉིད་ཀྱི་ཨ་མར་ཐང་ག་བཞེངས་སྟངས་སྦྱོང་བའི་བསྐལ་བ་བྱུང་མེད། འོན་ཀྱང་ད་ཆ་ང་དང་སྤོ་ལགས་ཀྱི་བསམ་བློ་གཏོང་སྟངས་དེ་བས་དེང་རབས་ཅན་དུ་གྱུར་ཡོད་ཅིང་། ཐང་ག་རྒྱུན་འཛིན་བྱེད་པར་ཕོ་མོའི་དབྱེ་བ་གཏན་ནས་ཕྱེ་ཡི་མེད”ཅེས་བསྟན་འཛིན་ཕུན་ཚོགས་ཀྱིས་བརྗོད་པ་དང་། ཁོང་གིས“ང་དང་བཟའ་ཟླར་བུ་མོ་2དང་བུ་2ཡོད། ཁོང་ཚོ་ཚང་མ་ཐང་གའི་རྒྱུན་འཛིན་པར་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།

     ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པའི་ཁྱིམ་རྒྱུད་གཙོ་བོ་ཡིན་པའི་ཀརྨ་བདེ་ལེགས་ནི་ཀརྨ་དགོན་དང་འགྲོགས་ནས་འཚར་ལོངས་བྱུང་བ་ཞིག་རེད། དུས་ཡུན་རིང་པོའི་ནང་། བགྲེས་སོང་ཁོང་གིས་ཉེ་རིང་ལ་མི་བལྟོས་པར་ཁོང་གི་འཁྲིས་སུ་སློབ་སྦྱོང་བྱེད་པར་ཡོང་མཁན་དགེ་ཕྲུག་ཚང་མར་རིན་མེད་ངང་ཐང་ག་འབྲི་སྟངས་སློབ་ཀྱི་ཡོད་པ་རེད།

    ད་ཆ་ཀརྨ་ཤང་གི་ཐང་རིས་མང་ཆེ་བ་ཀརྨ་བདེ་ལེགས་ཀྱི་དགེ་ཕྲུག་ཡིན་པའམ་ཡང་ན་དེ་དག་གི་དགེ་ཕྲུག་རེད། ཁོང་གི་དགེ་ཕྲུག་500ལྷག་ཙམ་བོད་ལྗོངས་དང་། སི་ཁྲོན། ཡུན་ནན་སོགས་ཞིང་ཆེན་དུ་ཁྱབ་ཡོད་པ་དང་། དེ་དག་གིས་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད།

འདི་ནི་རིན་ཆེན་རྣམ་རྒྱལ(གཡོན)གྱིས་དགེ་རྒན་གྱི་དྲུང་ནས་བཀྲག་རྩིའི་རི་མོ་འབྲི་སྟངས་སྦྱོང་བཞིན་པ།

འདི་ནི་རིན་ཆེན་རྣམ་རྒྱལ(གཡོན)གྱིས་དགེ་རྒན་གྱི་དྲུང་ནས་བཀྲག་རྩིའི་རི་མོ་འབྲི་སྟངས་སྦྱོང་བཞིན་པ།

    ཀརྨ་བདེ་ལེགས་ཀྱི་ཤུགས་རྐྱེན་འོག་བསྟན་འཛིན་ཕུན་ཚོགས་ཀྱིས་2015ལོར་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་ཁང་ཞིག་བཙུགས་ནས། ཞིང་འབྲོག་པའི་སློབ་མར་རིན་མེད་ཀྱི་སློབ་ཁྲིད་དང་ཟ་སྡོད་འགན་ལེན་བྱས་ཏེ་ད་བར་སློབ་མ་བརྒྱ་ལྷག་ཙམ་བསྐྱངས་ཡོད། “ང་དང་སྤོ་ལགས་ཀྱིས་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་རྒྱུན་འཛིན་བྱས་ནས་མི་དེ་བས་མང་བར་ལག་རྩལ་སྣ་གཅིག་སློབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བསྟན་འཛིན་ཕུན་ཚོགས་ཀྱིས་བཤད།

     ད་ཆ་ཀརྨ་བདེ་ལེགས་ཀྱིས་ཉིན་ལྟར་ཐང་ག་ཆུ་ཚོད་ཁ་ཤས་འབྲི་བ་དང་གཟའ་འཁོར་རེར་ད་དུང་ཚ་བོའི་ཐང་ག་ཁང་དུ་སློབ་ཚན་ཐེངས་རེ་འཁྲིད་པར་འགྲོ་གི་ཡོད་པས་དགེ་ཕྲུག་ཚོས་ཧང་ཅང་དགའ་པོ་བྱེད་ཀྱི་ཡོད།

    1999ལོར་སྐྱེས་པའི་རིན་ཆེན་རྣམ་རྒྱལ་ནི་ཀརྨ་བདེ་ལེགས་ཀྱི་ཡང་ཚ་ཡིན་ཞིང་། ལོ་7ནས་བཟུང་ཁོང་གི་དྲུང་ནས་ཐང་ག་སྦྱོང་འགོ་བརྩམས།

     “ངའི་ཐང་གའི་བརྩམས་ཆོས་དང་པོ《ལམ་ཆུང་སྟོན་པའི་རྗེ་བཙུན》ཞེས་པས་ངར་ལམ་ཆེན་ཞིག་བསྟན་བྱུང”ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་འོག 2018ལོར་རིན་ཆེན་རྣམ་རྒྱལ་གྱིས་ཞ་མོན་དུ་བཀྲག་རྩིའི་རི་མོར་ཐོག་མར་རྒྱུས་ལོན་བྱེད་འགོ་ཚུགས། ཕུལ་བྱུང་རི་མོའི་བརྩམས་ཆོས་དག་གིས་ཁོང་གི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག “དེ་ནི་ནང་སར་ལོ་ངོ་སྟོང་གི་རིང་ལ་རྒྱུན་འཛིན་བྱས་པའི་བྱང་ཆུབ་པའི་ལག་རྩལ་ཞིག་ཡིན་པས་བཞའ་ཚན་དང་ཧམ་སྤུ་རྒྱག་དོགས་ཀྱི་སེམས་ཁྲལ་མེད་ལ་རས་ཀྱིས་ཕྱིས་ཙམ་བྱས་ན་གཙང་མ་ཆག་གི་ཡོད། ངའི་བསམ་པར་དེ་ནི་ཐང་ག་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་གསར་པ་ཞིག་རེད་སྙམ་བྱུང”

     བཀྲག་རྩིའི་རི་མོའི་ཐང་གར་གཏེར་རྫས་ཀྱི་རྒྱུ་ཆ་མི་སྤྱད་པར་རྩི་ཤིང་གི་རྩི་དང་སྒོང་ཤུན་བསྲེས་ནས་ཕྲ་བཏབ་པས་ན་བརྩམས་ཆོས་དེ་བས་ཉམས་དང་ལྡན་པ་ཞིག་ཡོང་གི་འདུག རིན་ཆེན་རྣམ་རྒྱལ་གྱིས་བརྩམས་ཆོས་དེ་དག་ཀརྨ་བདེ་ལེགས་ལ་སྟོན་སྐབས་སྤོ་བོས་ལག་པ་འཕུར་འཕུར་གཏོང་བཞིན“ཧ་ཅང་ཡག་པོ་འདུག མུ་མཐུད་རྒྱུན་འཁྱོངས་བྱོས”ཞེས་མངགས།

     མིག་སྔར་ཆབ་མདོ་གྲོང་ཁྱེར་ཡོངས་སུ་བཀྲག་རྩིའི་རི་མོའི་ཐང་གའི་ལྷ་རིས་200ལྷག་ཙམ་ཡོད་པ་དང་ཆུས་དང་རྫོང་4རུ་ལས་དོན་ཁང་བཙུགས་ཡོད་པ་དང་ན་ནིང་ཉོ་ཚོང་དངུལ་འབོར་སྒོར་ཁྲི་160ལྷག་ཙམ་ཟིན་ཡོད། ཁོང་ཚོས་འདི་ལོ་སྒྱུ་རྩལ་མཐུན་ཚོགས་བཙུགས་ནས་འབྱུང་འགྱུར་མཉམ་དུ་སྐོར་སྐྱོད་འགྲེམས་སྟོན་དང་ཉར་ཚགས་མཁན་འཚོལ་རྒྱུ་རེད།

    “མིག་སྔར་ངས་ཨེ་ཤེ་ཡ་ཤར་ལྷོའི་ཁྲོམ་རར་བརྟག་ཞིབ་བྱེད་ཀྱི་ཡོད། ང་ཚོའི་བཀྲག་རྩིའི་རི་མོའི་ཐང་ག་ས་གནས་དེ་གར་དགའ་བསུ་ཆེན་པོ་ཐོབ་ཀྱི་འདུག”ཧྲང་ཧའེ་ནང་འདྲེན་དངོས་མང་སྟོན་ཚོགས་སོགས་རྒྱལ་སྤྱིའི་རང་བཞིན་གྱི་འགྲེམས་ཚོགས་ནང་ཐེངས་མང་ཞུགས་རྗེས། རིན་ཆེན་རྣམ་རྒྱལ་གྱིས་ཐང་ག་དང་བཀྲག་རྩིའི་རི་མོ་ཟུང་འབྲེལ་བྱེད་པ་ནི་ཁྲོམ་རའི་གདམ་ག་དང་དུས་རབས་ཀྱི་ལྡོག་མེད་གནས་ལུགས་ཤིག་ཡིན་པའི་ངེས་ཤེས་རྙེད་ཡོད།

འདི་ནི་ཚེ་རིང་བསམ་གྲུབ་ཀྱིས་བཀྲག་རྩིའི་རི་མོའི་ཐང་ག་ཆེན་པོ་ཞིག་ཐིག་རྩ་རྒྱག་བཞིན་པ།

འདི་ནི་ཚེ་རིང་བསམ་གྲུབ་ཀྱིས་བཀྲག་རྩིའི་རི་མོའི་ཐང་ག་ཆེན་པོ་ཞིག་ཐིག་རྩ་རྒྱག་བཞིན་པ།

    ཆེ་བ་གྱང་ངོས་སུ་འགེལ་བའི་ཐང་ག་ནས་ཆུང་བ་འདོགས་རྒྱན་བར་གསར་གཏོད་གང་མང་བྱས་པ་བརྒྱུད། ཐང་གའི་བརྩམས་ཆོས་བོད་ཀྱི་ས་གནས་ཁག་གི་རིག་གནས་བསམ་བཀོད་ཁང་གང་སར་མཐོང་རྒྱུ་ཡོད།

     “ཤིང་ལ་ཡལ་འདབ་སྟོང་ལྡན་ཡང་། རྩ་བ་མེད་ན་སྟོང་པ་ཡིན”ཞེས་པ་ལྟར་ཀརྨ་བདེ་ལེགས་ཀྱིས་སློབ་མར་སློབ་ཁྲིད་བྱེད་སྐབས་ཁོང་གིས་ཐང་ག་ཆེ་ཆུང་གང་ཡིན་ཡང་ལྷ་རིས་ཀྱིས་ཐང་ག་འབྲི་སྐབས་ལག་པ་གཙང་མ་བཀྲུས་ནས་སེམས་རྣལ་དུ་ཕབ་སྟེ་ལྷིང་འཇགས་དང་དད་སེམས་ཀྱི་རྒྱུན་སྐྱོང་དགོས”ཞེས་བརྗོད་ཀྱི་ཡོད།

      “ཐང་ག་ནི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན། ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གར་རི་ཆུ་དང་། སྲོག་ཆགས། ཕ་ཡུལ་གྱི་བཀོད་པ། ཡུལ་སྲོལ་གོམས་གཤིས་བཅས་འབྲི་ཆོག་གི་ཡོད”བསྟན་འཛིན་ཕུན་ཚོགས་ཀྱིས་ཉིན་ཞིག་ཀརྨ་སྒར་བྲིས་ལུགས་ཀྱིས་ཡངས་པའི་འཇིག་རྟེན་ཁམས་ཀྱང་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱེད་ཐུབ་པའི་བསམ་བཀོད་བྱེད་ཀྱི་ཡོད།