འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་19ཉིན།

༄༅།།མཚོ་བོད་ལྕགས་ལམ་གྱི་ལོ་རྒྱུས་ཤེས་རྟོགས་བྱས་ཏེ་དུས་རབས་ཀྱི་འཕོ་འགྱུར་ཉམས་སུ་མྱོང་བ།

ས་མཐོའི་མཁའ་ལམ་གྱིས་འཚར་ལོངས་ཀྱི་བློ་སྒོ་འབྱེད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་19ཉིན། 09:51】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

བསོད་ནམས་སྒྲོལ་དཀར(གཡོན)གྱིས་སློབ་ཚན་འཁྲིད་བཞིན་པ།

བསོད་ནམས་སྒྲོལ་དཀར(གཡོན)གྱིས་སློབ་ཚན་འཁྲིད་བཞིན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།

བོད་ལྗོངས་ལྷ་ས་ནས་ཧྲང་ཧའེ་བར་གྱི་མེ་འཁོར་Z166ནང་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དཔེ་གསར་ཞིག་འཚོགས་པ་སྟེ།

“མཚོ་བོད་ལྕགས་ལམ་ཐོག་ས་བབ་མཐོ་ཤོས་ཀྱི་བབས་ཚུགས་ག་གི་ཡིན་ནམ” “མཚོ་བོད་ལྕགས་ལམ་དུམ་བུ་ག་ཚོད་བསྐྲུན་རྗེས་མེ་འཁོར་ཤར་གཏོང་ཐུབ་པ་ཡིན་ནམ” “མེ་འཁོར་ག་དུས་ལྷ་སར་ཤར་གཏོང་ཐུབ་པ་ཡིན་ནམ”ཞེས་དྲི་བ་བཏོན་པར།

སློབ་མ་ཚོས་ལག་པ་བརྐྱངས་ནས་ལན་གཅིག་རྗེས་གཉིས་མཐུད་ངང་བཏབ། ཁོང་ཚོ་ནི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ནས་ཡིན་པ་དང་། མེ་འཁོར་Z166ལ་བསྡད་དེ་ཧྲང་ཧའེ་རུ་སྤེལ་རེས་བྱེད་སྒོར་ཞུགས་པར་འགྲོ་མཁན་རེད། སློབ་ཚན་ཁྲིད་མཁན་དགེ་རྒན་གྱི་མིང་ལ་བསོད་ནམས་སྒྲོལ་དཀར་ཟེར་ཞིང་། ཁོ་མོ་ནི་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལས་བཟོ་ཞིག་རེད།

ལོ་རྒྱུས་ཕྱིར་དྲན།——

“1959ལོའི་ཟླ་10ཚེས་1ཉིན། ལན་ཀྲོའུ་ནས་མཚོ་སྔོན་བར་གྱི་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ་དང་། 1984ལོའི་ཟླ་5ཚེས་1ཉིན། མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་བར་གྱི་དུམ་བུ་ཤར་གཏོང་ཐུབ་པ། 2006ལོའི་ཟླ་7ཚེས་1ཉིན་དུས་རབས་རང་བཞིན་གྱི་ལས་གྲྭ་ཡིན་པའི་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་དངོས་སུ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ་རེད”ཅེས་བསོད་ནམས་སྒྲོལ་དཀར་གྱིས་བརྗོད་པ་ལྟར་ཕྲུ་གུ་ཚོས་ལོ་རྒྱུས་ཀྱི་དུས་མཚམས་རེ་རེ་བཞིན་ལ་ཕྱིར་དྲན་བྱས།

ལྕགས་ལམ་ཞིག་སྐྲུན་པར་ལོ་50ཙམ་འགོར་དོན་གང་ཡིན་ནམ་ཞེ་ན། དེ་ནི་རང་བྱུང་ཁོར་ཡུག་ཞན་པའི་རྐྱེན་གྱིས་རེད། “ས་མཐོའི་འཁྱགས་ས་དང་། མཐོ་གྲང་གསོ་རླུང་དཀོན་པ། སྐྱེ་ཁམས་ཉམས་ཞན་བཅས་ནི་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ལ་འཕྲད་པའི་དཀའ་གནད་ཆེན་པོ་གསུམ་རེད”“ཚང་མས་ལྟོས་དང་། ད་ལྟ་ང་ཚོ་ས་བབ་མཐོ་བའི་ཁུལ་དུ་སླེབས་པས་ལ་མ་དེ་དག་ཧ་ཅང་ཉམས་ཞན་ཡིན་པ་མཐོང་ཐུབ། ལྕགས་ལམ་སྐྲུན་སྐབས་ཁོར་ཡུག་ལ་གཏོར་བཤིག་མི་ཕོག་པ་གང་ཐུབ་བྱེད་དགོས་ཀྱི་ཡོད”ཅེས་བསོད་ནམས་སྒྲོལ་དཀར་གྱིས་མིག་མདུན་གྱི་རྣམ་པ་དང་ཟུང་འབྲེལ་བྱས་ཏེ་ལྕགས་ལམ་འཛུགས་སྐྲུན་གྱི་དཀའ་ངལ་ངོ་སྤྲོད་བྱས།

ཕྲུ་གུ་ཚོས་སྒེའུ་ཁུང་གི་ཕྱི་རོལ་ཏུ་ལྟ་སྐབས་མིག་མདུན་དུ་གནའ་དེང་ལྷན་དུ་འབྲེལ་བ་ལྟ་བུའི་སྣང་བ་འཆར།

“ལོ་འདི་དག་གི་རིང་འཛུགས་སྐྲུན་པ་ཚོས་ཚོད་བགམ་སྣ་ཚོགས་ཁྱད་དུ་བསད་ནས་ང་ཚོ་ད་ལྟ་སྐྱོད་བཞིན་པའི་ས་མཐོའི་མཁའ་ལམ་འདི་བསྐྲུན་ཡོད”ཅེས་བསོད་ནམས་སྒྲོལ་དཀར་གྱིས་བཤད་པ་དང་། ཕྲུ་གུ་ཚོས་ཀྱང་མགོ་བོ་ལྕོག་ལྕོག་བྱས།

འདི་ནི་བསམ་བློ་ཆབ་སྲིད་སློབ་ཚན་ཐོག་ཕྲུ་གུ་ཚོས་བློ་རྩེ་གཅིག་སྒྲིམ་ངང་སློབ་ཚན་ཉན་བཞིན་པ།

འདི་ནི་བསམ་བློ་ཆབ་སྲིད་སློབ་ཚན་ཐོག་ཕྲུ་གུ་ཚོས་བློ་རྩེ་གཅིག་སྒྲིམ་ངང་སློབ་ཚན་ཉན་བཞིན་པ།

མིག་དཔེ་གླེང་བ།——

སློབ་ཁྲིད་བྱེད་རིང་མིག་དཔེའི་གཏམ་རྒྱུད་རེ་རེ་ལས་ཕྲུ་གུ་ཚོར་བག་ཆགས་ཟབ་མོ་བཞག

“ཁྱེད་ཚོས་འཁྱགས་ཐེབས་ནས་མཁྲེགས་པོར་གྱུར་པའི་མོག་མོག་ཟ་མྱོང་ངམ”ཞེས་དྲིས་ཙ་ན། ཕྲུ་གུ་ཚོས་མགོ་བོ་གཡུག་གཡུག་བྱས། བསོད་ནམས་སྒྲོལ་དཀར་གྱིས“དེ་ནི་ཀྲོང་ཤིན་ཏན་གྱིས་ཡུན་རིང་བཟས་པའི་ཟ་མ་རེད”ཅེས་མུ་མཐུད་དུ་བཤད།

ཀྲོང་ཤིན་ཏན་ནི་མཚོ་བོད་ལྕགས་ལམ་གྱི་སྤྱི་ཁྱབ་ཇུས་འགོད་པ་དང་པོ་ཡིན་ཞིང་། ཁོང་གིས་མི་11ལས་མེད་པའི་རྩད་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་མཚོ་བོད་ས་མཐོར་བསྐྱོད་ནས་ལྟོགས་དུས་འཁྱགས་པ་ཐེབས་པའི་མོག་མོག་ཟ་བ་དང་སྐོམ་དུས་འཁྱགས་ཆུ་བཏུངས་ནས་ཡིག་འབྲུ་ཁྲི་བཅུ་ཙམ་ཡོད་པའི་རྩད་ཞིབ་ཀྱི་སྙན་ཞུ་བྲིས།

“བློ་ཕངས་པ་ཞིག་ལ་ཀྲོང་ཤིན་ཏན་2004ལོར་བསྙུན་ནས་སྐུ་གཤེགས་པས། ཁོང་གིས་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་བྱས་པ་དེ་གཟིགས་ཐུབ་མེད”ཅེས་པའི་གཏམ་རྒྱུད་ཐོས་རྗེས་ཕྲུ་གུ་མང་པོ་ཞིག་གི་མིག་ལ་མཆི་ཞག་འཁོར།

མིག་དཔེའི་བྱས་རྗེས་ལས་མི་སེམས་རབ་ཏུ་འགུལ། ཝང་ཀྲན་ཅི་དང་། ལིའུ་ཐེ་ལེང་། ཀྲང་ལུའུ་ཤིན་སོགས་ཚང་མ་ནི་བ་ཡན་གདུང་རྩེ་ས་མཐོའི་འཁྱགས་སའི་གནས་གཏན་འཁེལ་གྱི་ལྟ་ཞིབ་ཚད་འཇལ་ས་ཚིགས་ཀྱི་ལས་དོན་པ་ཡིན་པ་དང་། ས་བབ་མཐོ་ཚད་སྨི་4700ལྷག་ཙམ་གྱི་ལྟ་ཞིབ་ཚད་འཇལ་ས་ཚིགས་སུ་ལྟ་སྲུང་ལས་འགན་བསྒྲུབས་ནས་ལོ་40ལྷག་ཙམ་སོང་བ་དང་། ཡུས་པིན་ཧྥན་ལོ་24སྐབས་སུ་གདང་ལའི་རི་ཁུལ་དུ་སླེབས་ནས་ཆ་སྙོམས་ཉིན་རེར་རྐང་ཐང་མར་སྤྱི་ལེ་10ཙམ་སྐྱོད་པ་དང་སྐེད་པ་སྒུར་སྒུར་ཐེངས་500ལྷག་ཙམ་བྱེད་དགོས་ཀྱི་ཡོད།

འགྱུར་ལྡོག་གླེང་བ།——

པད་མ་ཆོས་སྐྱིད་ནི་དིང་རི་རྫོང་སློབ་འབྲིང་དང་པོའི་སློབ་མ་ཡིན་པ་དང་ད་ཐེངས་ཁོ་མོ་བོད་ནས་བྲལ་ཐེངས་དང་པོ་རེད། ལོ་བདུན་བརྒྱད་ཀྱི་གོང་དུ་པད་མ་ཆོས་སྐྱིད་མེ་འཁོར་ལ་བསྡད་དེ་ཐེངས་དང་པོར་གཞིས་རྩེ་ནས་ལྷ་སར་ཡོང་སྐབས་ལྕགས་ལམ་གྱི་སྟབས་བདེ་ཚོར་ཡོད། ད་ཆ་མེ་འཁོར་ལ་བསྡད་དེ་ཧྲང་ཧའེ་རུ་སྐྱོད་པའི་གོ་སྐབས་བྱུང་བས་ཁོ་མོར་དགའ་ཚོར་ཆེན་པོ་སྐྱེས་ཤིང་། “ངས་ནམ་ཞིག་མེ་འཁོར་བཏང་སྟེ་ཡུལ་མི་དེ་བས་མང་བ་རི་ཁུག་ནས་ཕྱི་ཕྱོགས་སུ་ཁྲིད་དེ་དེ་བས་རྒྱ་ཆེ་བའི་འཛམ་གླིང་མཐོང་ཐུབ་པར་རེ་སྒུག་བྱེད་ཀྱི་ཡོད”ཅེས་བཤད།

སྐར་མ་40ལྷག་ཙམ་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཁྱུག་ཙམ་ཞིག་ལ་མཇུག་འགྲིལ་ནའང་། ཕྲུ་གུ་ཚོ་ད་དུང་ལྕགས་ལམ་སྐོར་གྱི་གཏམ་རྒྱུད་ལ་སྤྲོ་སྣང་རབ་ཏུ་འཕེལ། ཁོ་ཚོར་མཚོན་ན། དེ་དག་ནི་སློབ་དེབ་ཐོག་བཀོད་པ་ཙམ་མིན་པར་རང་གི་གམ་དུ་ཐོན་པའི་དོན་དག་ཡིན་པ་རེད།

དིང་རི་རྫོང་སློབ་འབྲིང་གཉིས་པའི་སློབ་མ་མིག་དམར་དོན་གྲུབ་ཀྱིས“དེ་སྔ་ལྕགས་ལམ་སྐྲུན་པར་དཀའ་ངལ་ཡོད་པ་ཤེས་ཀྱང་ཡང་སྙིང་དཀའ་ལས་ཇི་ཙམ་རྒྱག་དགོས་པ་ཤེས་ཀྱི་མེད། སློབ་ཚན་འདི་འཚོགས་པ་ལས་ངས་མཚོ་བོད་ལྕགས་ལམ་བསྐྲུན་པ་དང་བདག་སྐྱོང་བྱེད་པ་ནི་ལས་སླ་མོ་ཞིག་གཏན་ནས་མིན་པ་ཤེས་བྱུང་། ངས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ཏེ་འབྱུང་འགྱུར་ཕ་ཡུལ་འཛུགས་སྐྲུན་བྱས་ནས་མེས་རྒྱལ་ལ་དྲིན་ལན་འཇལ་གྱི་ཡིན”ཞེས་བཤད།

སློབ་ཚན་ཉན་མཁན་ཁྲོད་སློབ་མ་ཡོད་པ་མ་ཟད། ད་དུང་འགྲུལ་པ་མང་པོས་འཁོར་སྒམ་གྱི་གཞོགས་གཉིས་ནས་ཟུར་ཉན་བྱེད་བཞིན་ཡོད། ཅང་སུའུ་ནས་ཡིན་པའི་ཡུལ་སྐོར་བ་ཞིག་གིས“སློབ་ཚན་དེ་ཉན་རྗེས་ང་ཚོས་མཚོ་བོད་ལྕགས་ལམ་ལ་རྒྱུས་མངའ་སྔར་བས་ཟབ་ཏུ་ཕྱིན་སོང”ཞེས་བཤད།

“མེ་འཁོར་ལ་ཡུན་རིང་སྡོད་དགོས་ཀྱི་ཡོད་པས། ང་ཚོས་དུས་ཚོད་འདིའི་རིང་དོན་སྙིང་ཡོད་པའི་ལས་ཀ་རེ་སྒྲུབ་ཆོག”ཅེས་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་དིང་རི་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབང་ཧའེ་ཅིང་གིས་བཤད་ཅིང་། ཁོང་གིས“ང་ཚོས་མེ་འཁོར་དུ་བསྡད་ནས་ཧྲང་ཧའེ་རུ་བྱེད་སྒོ་སྤེལ་རྒྱུའི་འཆར་གཞི་གཏན་འཁེལ་བྱས་རྗེས། ཕྲུ་གུ་ཚོར་མེ་འཁོར་ནང་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཞིག་བཀོད་སྒྲིག་བྱ་རྒྱུའི་ཐག་བཅད་པ་ཡིན”ཞེས་བརྗོད། དེ་ནས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་གྲ་སྒྲིག་ཞིབ་ཚགས་འོག་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དཔེ་གསར་ཞིག་འཚོགས་པ་རེད།

“སློབ་ཚན་འདིའི་ནང་དོན་ཕུན་སུམ་ཚོགས་པ་མ་ཟད། ཕྲུ་གུ་ཚོ་མེ་འཁོར་དུ་སྡོད་པའི་འགྲུལ་བཞུད་དང་ཟུང་འབྲེལ་བྱས་ནས་ཁོང་ཚོའི་མྱོང་ཚོར་དང་སློབ་སྦྱོང་སྔར་བས་གཏིང་ཟབ་ཡོང་བར་བྱས་པ་ཡིན། ང་ཚོས་ས་ཡུལ་དངོས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་མུ་མཐུད་འཚོགས་པ་དང་གཞི་རིམ་གྱི་ལས་དོན་པ་གདན་དྲངས་ནས་སློབ་ཁྲིད་བྱས་ཏེ། ཕྲུ་གུ་ཚོར་དེ་བས་ལེགས་པའི་སྒོ་ནས་སྙིང་སྟོབས་སློབ་སྦྱོང་དང་འཕེལ་རྒྱས་ཀྱི་འབྲས་བུ་ཤེས་སུ་འཇུག་གི་ཡིན”ཞེས་དབང་ཧའེ་ཅིང་གིས་བཤད། (གནམ་ཕྱུག་རྒྱལ་དང་ཚེ་བརྟན་སྒྲོལ་དཀར་གྱིས་སྒྱུར་ཞུས་བྱས)

མཚོ་བོད་ལྕགས་ལམ་ཐོག་བྱ་འཕུར་བ་ལྟར་རྒྱུག་བཞིན་པའི་མེ་འཁོར།

མཚོ་བོད་ལྕགས་ལམ་ཐོག་བྱ་འཕུར་བ་ལྟར་རྒྱུག་བཞིན་པའི་མེ་འཁོར།