འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་18ཉིན།

༄༅།།མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་གིས་བར་དམ་ཆུའི་འབབ་རྒྱུད་སྲུང་སྐྱོང་དང་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་18ཉིན། 10:26】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཧོ་ཡུང་དང་ཆའོ་ཏུང་།

    མདོ་ལ་རིང་མོ་ནི་རང་རྒྱལ་གྱི་འཁྱགས་རོམ་དང་ཆུ་རྩ་གསོ་འཁྱོངས་ཀྱི་སྐྱེ་ཁམས་ཕན་ནུས་ཁུལ་གལ་ཆེན་དང་མཚོ་བོད་ས་མཐོ་དང་ས་སེར་ས་མཐོ་སྦྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། རྨ་ནུབ་དོག་ལམ་གསོ་འཁྱོངས་བྱེད་པའི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན། དེ་ག་ནས་བར་དམ་ཆུ་དང་གཡང་ལུང་ཆུ་སོགས་ཆུ་བོ་ཆེ་ཆུང་སྟོང་ཕྲག་ལྷག་རྒྱུག་བཞིན་ཡོད། དེ་དག་ལས་བར་དམ་ཆུ་ནི་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་ཆུ་བོ་ཆེ་གྲས་གཉིས་པ་ཡིན་ལ། རྨ་ནུབ་དོག་ལམ་གྱི“མ་ཡུམ་ཆུ་བོ”ཞེས་ཀྱང་བརྗོད། གསར་འགོད་པས་ཆུ་འགོའི་བརྒྱད་གཅིག་འཁྱགས་རོམ་ནས་བར་དམ་ཆུ་རྒྱུད་དེད་དེ་ཆུ་བོ་དེ་བཅོས་སྒྲིག་བྱེད་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས།

དྲ་མིག་ཕྱེ་ནས་ཉིན་ལྟར་སྤྱི་ལེ་ངོས་གྲུ་493གྱི་སར་སྐོར་སྲུང་བྱེད་པ།

    སྟོན་དུས་སུ་གསའ་ལུང་ཐང་དུ་རྟག་པར་ལྷགས་རླུང་ལྡང་ཞིང་། སྔ་དྲོའི་ཆུ་ཚོད་དགུ་པར་མདོ་ལ་རྒྱལ་ཁབ་སྤྱི་གླིང་འོས་འདེམས་ཁུལ(མཚོ་སྔོན་ཡུག་ཁུལ)གསའ་ལུང་ཐང་བདག་སྐྱོང་ས་ཚིགས་ཀྱི་འགན་འཁུར་བ་ཆི་ཅིན་ཤན་གྱིས་ལས་གོས་སྔོན་པོ་ཞིག་གྱོན་པ་དང་། རུ་མི་ཚོའི་སྣེ་ཁྲིད་དེ་བདག་སྐྱོང་ས་ཚིགས་ཀྱི་སྒོ་འགྲམ་ནས་ནང་དུ་འཛུལ་མཁན་རླངས་འཁོར་དག་ལ་ཞིབ་བཤེར་བྱེད་པར་བྲེལ།

    “ཕ་གིའི་རི་བོ་དེའི་རྒྱབ་ནི་བརྒྱད་གཅིག་འཁྱགས་རོམ་རེད”ཆི་ཅིན་ཤན་གྱི་མཛུབ་མོ་བཙུགས་སའི་ཕྱོགས་སུ་བལྟས་ཚེ། ལྟ་ན་སྡུག་པའི་བརྒྱད་གཅིག་འཁྱགས་རོམ་མཐོང་ཐུབ་ལ། དེ་ནི་རྒྱང་ཐག་སྤྱི་ལེ་བཅུ་ལྷག་ཙམ་གྱི་མཚམས་ནས་བལྟས་ཀྱང་ཧང་སངས་དགོས་པ་ཞིག་ཡོད།

     ཡུལ་ལྗོངས་བརྗིད་ཆགས་མཛེས་སྡུག་ལྡན་ཡང་དུས་ཡུན་རིང་པོར་དེ་གར་ལས་ཀ་བྱེད་པ་ནི་འགྲན་སློང་ཆེན་པོ་ཞིག་ལོས་ཡིན། ཆི་ཅིན་ཤན་གྱིས་གསར་འགོད་པ་ཁྲིད་དེ་འཁྱགས་རོམ་ཕྱོགས་སུ་བསྐྱོད། ལམ་བར་དུ་གཞོགས་གཉིས་ལ་བལྟས་ནས“གཞོགས་འདི་ནི་ང་ཚོའི་དྲ་མིག་ཡུག་ཁུལ་བཅུ་པ་ཡིན་ལ། རུ་མི་བཀྲ་ཤིས་ཀྱིས་ཡུག་ཁུལ་འདིའི་འགན་འཁུར་གྱི་ཡོད” “ཕ་གིའི་རི་འདབས་སུ་ང་ཚོས་གཞེས་ནིང་ལོར་དགོ་བ་ཞིག་གི་སྲོག་བསྐྱབས་མྱོང”ཞེས་བཤད་པ་དང་། སྤྱི་ལེ་ངོས་གྲུ་493ཚང་མ་ཆི་ཅིན་ཤན་གྱིས་སྔ་ས་ནས་སྦར་མཐིལ་དུ་བླངས་པ་ལྟར་རྒྱུས་གསལ་པོ་ལོན་ཡོད།

     “མིག་སྔར། ཆོག་མཆན་མ་ཐོབ་པར་ནང་དུ་འཛུལ་མཁན་ལ་ཆད་པ་གཅོད་པའི་བྱེད་ཐབས་ད་དུང་འཐུས་སྒོ་ཚང་པོ་མེད་པས་ཁ་ཏ་བསླབ་བྱ་བྱས་ནས་ཕྱིར་ལོག་ཏུ་འཇུག་པ་ལས་ཐབས་གཞན་མེད། ང་ཚོར་འཕྲད་པའི་གནས་ཚུལ་མང་ཆེ་བ་ནི་ཡུལ་སྐོར་བ་ཡ་མཚན་སྐྱེས་ནས་འཛུལ་ཡོང་བ་ཤ་སྟག་ཡིན་པ་ལས། ཁྲིམས་ལས་འགལ་ཏེ་ལྐོག་རྔོན་རྒྱག་པའི་གནས་ཚུལ་སྤྱིར་ན་མཐོང་རྒྱུ་མེད”“མིག་སྔར་བདག་སྐྱོང་ས་ཚིགས་ལ་ལས་དོན་པ་32ཡོད་པ་ཚང་མར་སོ་སོའི་དྲ་མིག་ཡོད་པས་ཉིན་ལྟར་སྐོར་ཞིབ་ཐེངས་རེ་བྱས་ནས་ནང་དུ་འཛུལ་མཁན་རླངས་འཁོར་དང་། དཀའ་ངལ་འཕྲད་པའི་མི་དང་སྲོག་ཆགས་སོགས་ཡོད་མེད་ལྟ་དགོས”ཞེས་ཆི་ཅིན་ཤན་གྱིས་བཤད།

     སྤྱི་ལེ་བཅུ་ལྷག་ཙམ་གྱི་ལམ་དུ་རླངས་འཁོར་ཆུ་ཚོད་གཅིག་ཙམ་བསྐྱོད་པ་དང་། འཁྱགས་རོམ་གྱི་འདབས་དང་ཇི་ཙམ་ཐག་ཉེ་ན་ལམ་དེ་ཙམ་འདམ་རྫབ་ཀྱིས་ཁེངས་ནས་རླངས་འཁོར་འགྲོ་སྐྱོད་བྱེད་དཀའ། བརྒྱད་གཅིག་འཁྱགས་རོམ་ཁུལ་དུ་སླེབས་རྗེས། ཧ་ཅང་ཆེ་བའི་འཁྱགས་པའི་རྩིག་པ་ལྟ་བུ་ཞིག་དང་མཐོ་ཚད་སྨི་10ལྷག་ཡོད་པའི་འཁྱགས་པའི་ཀ་བ་ལྟ་བུ་ཞིག་མཐོང་ཐུབ། ཉི་འོད་རབ་ཏུ་འཚེར་བའི་འོག་འཁྱགས་པ་བཞུར་ནས་ས་ངོས་སུ་ཐིགས་པ་རེ་རེ་བྱས་ནས་བབས། དེ་དང་ཐག་མི་རིང་བའི་ལྷོ་ནུབ་ཀྱི་རི་བདབས་སུ་ཆུ་ཕྲན་ཞིག་འབབ་ཀྱི་འདུག ཆི་ཅིན་ཤན་གྱིས“འདི་ནི་བར་དམ་ཆུའི་ཆུ་འགོ་ཡིན་པས་བདག་སྐྱོང་བྱ་ཡུལ་གལ་ཆེ་ཤོས་ཡིན། འདི་གར་ཡོང་རེ་བཞིན་ངས་འཁྱགས་རོམ་ལ་དེ་སྔོན་དང་མི་འདྲ་བའི་འགྱུར་ལྡོག་བྱུང་ཡོད་མེད་ལ་ལྟ་ཞིབ་ཡག་པོ་བྱེད་ཀྱི་ཡོད”ཅེས་བཤད།

མི་གཉིས་ཀྱིས་ལོ་18རིང་བར་དམ་ཆུའི་ཆུ་ལག་50ལྷག་ཙམ་ལ་སྐོར་སྲུང་བྱས་པ།

    གསའ་ལུང་ཐང་བདག་སྐྱོང་ས་ཚིགས་ནས་སླར་ཡང་ཐོན་ཞིང་དེ་དུས་ཕྱི་དྲོར་སླེབས།

    ཆུ་ཚོད་ཕྱེད་ཀ་ལྷག་ཙམ་བསྐྱོད་མཐར་རླངས་འཁོར་ས་ཕག་གི་ཁང་པ་སེར་པོ་ཞིག་གི་མདུན་དུ་སླེབས། ཡིད་བཞིན་ནོར་བུ་དང་དུང་མོ་མཚོ་ཁྱོ་ཤུག་གཉིས་ཡོང་ནས་སྤྲོ་སེམས་འཁོལ་པོས་སྣེ་ལེན་བྱས། ཁང་པ་དེ་ནི་འར་ཀ་གཞུང་ལམ་གྱི་འགྲམ་དུ་ཡོད། སྤྱི་ལེ་ཁ་ཤས་ཀྱི་སར་ཁང་པ་དེ་ལས་སྐྲུན་དངོས་གཞན་ཅི་ཡང་མི་འདུག ཁྱོ་ཤུག་གཉིས་ནི་བདག་སྐྱོང་ས་ཚིགས་དེའི་འགན་འཁུར་བ་ཡིན་ཞིང་། ལོ་18རིང་ཁ་བ་བུ་ཡུག་ལ་མ་འཛེམ་པར་དེ་གར་བརྟན་སྲུང་བྱས།

    དེ་ལ་ཡང་བདག་སྐྱོང་ས་ཚིགས་ཞེས་ཟེར་མོད། ཡིད་བཞིན་ནོར་བུ་ཁྱོ་ཤུག་གཉིས་དང་ཆི་ཅིན་ཤན“ཁོངས་གཏོགས་གཅིག”གི་མ་རེད། ཡིད་བཞིན་ནོར་བུས“ང་ཚོའི་བདག་སྐྱོང་ས་ཚིགས་འདི་ཆུ་བེད་ཅུས་ཀྱི་ཁོངས་གཏོགས་ཡིན་ལ་ལས་འགན་གཙོ་བོ་ཡང་བར་དམ་ཆུའི་ཆུ་འགོའི་ཁུལ་ལ་རྒྱུན་གཏན་བདག་སྐྱོང་བྱ་རྒྱུ་དེ་ཡིན”ངེད་གཉིས་ཀྱི་སྐོར་སྲུང་ཁྱབ་ཁོངས་སྤྱི་ལེ་ངོས་གྲུ་200ལྷག་ཙམ་ཡོད་པར་ཆུ་ལག་50ལྷག་ཙམ་གྲོག་རོང་ཆེན་པོ་བརྒྱུད་དེ་བར་དམ་ཆུའི་ནང་འདྲེས་ཀྱི་ཡོད། “ཆུ་བོ་ཚང་མའི་ཆུ་སྤུས་དང་། ཆུ་འབོར། སྦགས་བཙོག་ཡོད་མེད་བཅས་ལ་ང་ཚོས་དོ་སྣང་བྱེད་ཀྱི་ཡོད”ཅེས་བཤད།

    ཆུ་ལག་དེ་དག་ནི་བར་དམ་ཆུའི་ཆུ་འགོའི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན། ཆུ་ལག་50ལྷག་ཙམ་ལ་མི་གཉིས་ཀྱིས་སྐོར་སྲུང་ཇི་ལྟར་བྱེད་དགོས་སམ། 2006ལོ་ནས་བཟུང་ཡིད་བཞིན་ནོར་བུ་ཁྱོ་ཤུག་གཉིས་ཀྱིས་“ཉིན་རེར་སྤྱི་ལེ་100ལྷག་ཙམ་དང་། ཟླ་རེར་སྐོར་སྲུང་ཐེངས་20ལྷག་ཙམ”བྱེད་ཀྱི་ཡོད་པ་རེད།

    གནམ་ས་གཞི་གཅིག་ཏུ་སྦྲེལ་བའི་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་སྤྱི་ལེ་ངོས་གྲུ་8000ལ་ཁྱབ་པ་དང་བདག་སྐྱོང་ས་ཚིགས་ཀྱིས་རང་བྱུང་སློབ་གསོའི་ནུས་པ་འདོན་པ།

    བདག་སྐྱོང་ས་ཚིགས་ནས་ཕྱིར་དོན་ཏེ་བར་དམ་ཆུ་རྒྱུད་དེད་ནས་བསྐྱོད་ཚེ་བར་དམ་ཆུ་འགོའི་གྲུབ་ཆ་གལ་ཆེན་གཞན་ཞིག་སྟེ། བར་དམ་ཆུ་འགོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་སླེབས་ཀྱི་ཡོད། ཡིའུ་ཧུའུ་ལུའུ་བདག་སྐྱོང་ཁུལ་དུ་སླེབས་ཉེའི་སྐབས་སུ་དྲག་ཏུ་རྒྱུག་པའི་ཆུ་བོ་གློ་བུར་དུ་དལ་དུ་སོང་བ་དང་ཆུ་ཁོངས་ཀྱང་རྒྱ་ཆེར་སོང་ཡོད། འདམ་རར་ཁྲུང་ཁྲུང་དང་ནོར་ལུག་སོགས་ཀྱིས་ཁེངས་ནས་འདམ་རའི་སྤྱི་གླིང་གི་མཛེས་ལྗོངས་རི་མོ་ལྟར་ཡིད་དུ་འོང་། ཤིང་གི་འཕྲང་ལམ་ཐོག་ཡུལ་སྐོར་བ་ཚོས་པར་རྒྱག་བཞིན་ཡོད་ཅིང་། ཧྲའན་ཤིས་ནས་ཡོང་བའི་ཡུལ་སྐོར་བ་དབྱང་ཡུན་ཡུན་གྱིས“གནས་འདིའི་སྟོན་ཁའི་ཡུལ་ལྗོངས་ཧ་ཅང་མཛེས་པོ་ཡོད་པ་ཐོས་པས་ང་ཚོས་བཙུན་མོ་སྒང་དུ་ཡུལ་སྐོར་བྱས་ཚར་རྗེས་ཆེད་མངགས་འདི་གར་ཡོང་བ་ཡིན”ཞེས་བཤད།

    ཚན་རྩལ་སྲུང་སྐྱོང་གིས་ནུས་པ་འདོན་བཞིན་ཡོད། བར་དམ་ཆུ་རྒྱུད་ཀྱི་བདག་སྐྱོང་ས་ཚིགས་ཚང་མར“རིག་ལྡན་བརྙན་ཤེལ་ཆེན་པོ”ཡོད་པ་དང་བདག་སྐྱོང་ཁུལ་གྱི་འགྲོ་ལམ་གྱི་འགག་གནད་གཙོ་བོ་ཚང་མར་གློག་མིག་སྒྲིག་སྦྱོར་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་མདོ་ལ་རིང་མོའི་མཚོ་སྔོན་ས་ཁོངས་ཀྱི་གནམ་ས་གཞི་གཅིག་ཏུ་སྦྲེལ་བའི་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་སྤྱི་ལེ་ངོས་གྲུ་8000ལ་ཁྱབ་ནས་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད།

    “མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་གྱིས་རང་བྱུང་སླར་གསོ་དང་མི་ཐབས་ཀྱི་ཉམས་གསོ་ཟུང་འབྲེལ་བྱེད་པའི་མ་ལག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་གི་ཡོད”མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་བར་དམ་ཆུ་བོའི་མཚོ་སྔོན་དུམ་བུའི་ཞིང་ཆེན་རིམ་པའི་འགན་འཁུར་ཆུ་དཔོན་ལིའུ་ཐའོ་ཡིས་2023ལོར་བར་དམ་ཆུ་བོའི་མཚོ་སྔོན་དུམ་བུའི་མངའ་ཁོངས་ནས་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་19.67རྒྱུག་པ་དེ་ལོ་མང་གི་ཆ་སྙོམས་ཚད་གཞི་ལས་9.7%མང་དུ་ཕྱིན་པ་དང་ཆུའི་སྤུས་ཚད་རིགས་IIརྒྱུན་འཁྱོངས་བརྟན་པོ་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།