འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་16ཉིན།

༄༅།།ཧྭ་གློག་བོད་ལྗོངས་འཕྱོངས་རྒྱས་རླུང་གློག་རྟེན་གཞིའི་རྣམ་གྲངས་སྐྲུན་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་16ཉིན། 10:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་གནས་པའི་ཧྭ་གློག་བོད་ལྗོངས་འཕྱོངས་རྒྱས་རླུང་གློག་གི་དུས་ཐེངས་དང་པོའི་རྟེན་གཞིའི་རྣམ་གྲངས་སྐྲུན་འགོ་ཚུགས་པ་དང་། རླུང་གློག་ར་བ་གནས་ཡུལ་གྱི་ས་བབ་མཐོ་ཤོས་སྨི་5370ཟིན་པ་དང་། རྣམ་གྲངས་དེར་སྤྱིའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་500MWའཆར་འགོད་བྱས་པ་དང་། དུས་ཐེངས་བཞི་ལ་བགོས་ནས་གསར་སྤེལ་བྱ་རྩིས་ཡོད་པ་དེ་ནི་མིག་སྔར་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་རླུང་གློག་རྟེན་གཞིའི་རྣམ་གྲངས་ཤིག་རེད།

    བོད་ལྗོངས་ཀྱི་སྨི་4500ཡན་ཟིན་པའི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་དུ་རླུང་ནུས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་མིག་སྔར་གསར་སྤེལ་གྱི་འཚོལ་ཞིབ་དུས་མཚམས་སུ་སླེབས་ཡོད། ས་བབ་ཤིན་ཏུ་མཐོ་བའི་ཁོར་ཡུག་འོག་དྲོད་ཚད་དམའ་བ་སོགས་ཀྱིས་ཤོང་ཚད་མཐོ་བའི་རླུང་གློག་འཕྲུལ་ཚན་ཇུས་འགོད་དང་། ཨར་ལས། སྒྲིག་སྦྱོར་སོགས་ལ་འགྲན་སློང་ཆེན་པོ་འཕྲད་ཡོད། ཧྭ་གློག་བོད་ལྗོངས་འཕྱོངས་རྒྱས་རླུང་གློག་རྣམ་གྲངས་ཀྱི་དུས་ཐེངས་དང་པོར་རླུང་གློག་འཕྲུལ་ཆས་12ཇུས་འགོད་བཀོད་སྒྲིག་བྱས་པ་དང་། རླུང་གློག་གནས་ཡུལ་གྱི་ས་བབ་མཐོ་ཚད་སྨི་5100ནས་5370བར་ཟིན་ཡོད། རྣམ་གྲངས་ཚོགས་པས་རླུང་གློག་གི་བཟོ་ལྟ་འདེམས་པ་དང་། གློག་ཤིང་ཇུས་འགོད། རྨང་གཞིའི་གྲུབ་ཆ་སོགས་ཀྱི་ཐད་ཚན་རྩལ་གསར་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་རང་རྒྱལ་གྱི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་རླུང་ནུས་ཐོན་ཁུངས་གཞི་ཁྱོན་ཆེན་པོས་གསར་སྤེལ་བྱེད་པར་ཉམས་མྱོང་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད།

     བོད་ཀྱི་གློག་ཤུགས་མཁོ་སྤྲོད་འགན་ལེན་གྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ཧྭ་གློག་བོད་ལྗོངས་འཕྱོངས་རྒྱས་རླུང་གློག་གི་དུས་ཐེངས་དང་པོའི་རྟེན་གཞིའི་རྣམ་གྲངས་དེ་2025ལོའི་ཟླ་10པའི་གོང་དུ་ཤོང་ཚད་ཧྲིལ་པོར་དྲ་བ་སྦྲེལ་རྩིས་ཡོད་པས། གློག་བཏང་རྗེས་སྔོན་དཔག་བྱས་ན་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.63ཟིན་བཟོ་ཡོད་པ་དག་དབྱང་གཉིས་ཐཱན་འགྱུར་འབུད་གཏོང་བྱེད་ཚད་ལ་ཕབ་ན་ལོ་ལྟར་ཏུན་ཁྲི་12.87ཕྱིར་འབུད་ཐུབ་པས་དཔལ་འབྱོར་དང་། སྐྱེ་ཁམས། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་བཟང་པོ་ཐོན་རྒྱུ་རེད།