འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་15ཉིན།

༄༅།།མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་
ཝང་ཁྲང་གོ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་ནས་ཕུད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་15ཉིན། 09:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་དོན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཝང་ཁྲང་གོ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་ནས་ཕུད་པའི་ཆད་པ་ཕོག་པ་རེད།

    ཉིན་ཤས་གོང་། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་ནུབ་ཀྲོའུ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་ཝང་ཁྲང་གོ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཝང་ཁྲང་གོའི་ཕུགས་བསམ་དང་དད་སེམས་རྦད་དེ་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་སྐྱུར་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་གཏོང་བ་བཅས་བྱས་ནས་གཞུང་དྲང་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་སྒེར་གཉེར་ཁེ་ལས་ཀྱི་སྦྱིན་བདག་གི་གསོལ་སྟོན་ཡུན་རིང་དང་ལེན་བྱས་པ་དང་། རྩ་འཛུགས་ཀྱི་རྩ་དོན་ལས་འགལ་ནས་འགན་དབང་སྤྱད་དེ་ལས་བྱེད་ལས་བཟོ་བསྡུ་བ་དང་ལས་སྒྱུར་སོགས་ཀྱི་ལས་དོན་སྒྲུབ་སྐབས་སྒྲིག་སྲོལ་ལས་འགལ་ཏེ་གཞན་ལ་ཁེ་ཕན་གཉེར་བ། སྒེར་གྱི་ཁེ་ཕན་སྒྲུབ་ཆེད་གཞུང་དོན་སྒྲུབ་མཁན་ལ་རྒྱུན་གཏན་གྱི་འབུལ་རྟེན་ལས་མངོན་གསལ་གྱིས་བརྒལ་བའི་འབུལ་རྟེན་ཐེངས་མང་སྤྲད་པ་དང་། སྤྱོད་གཙང་གི་མཐའ་ཚད་ལས་འགལ་ནས་སྒྲིག་འགལ་ངང་མི་མང་པོའི་རྒྱུ་ནོར་འབོར་ཆེན་བླངས་ཡོད་པ་རེད།

    ཝང་ཁྲང་གོས་ཏང་གི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་སྤྱོད་གཙང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བ་མ་ཟད། གོ་གནས་འཁུར་རིང་བཅའ་ཁྲིམས་ལས་འགལ་ནས་ངོ་བོ་ཚབས་ཆེ་བ་དང་ཤུགས་རྐྱེན་ངན་པའི་ཚད་དུ་སླེབས་ཡོད་པས་ཐག་གཅོད་ནན་པོ་བྱེད་དགོས་ཀྱི་ཡོད། ཝང་ཁྲང་གོ་ཡི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་གཙོ་བོ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་གོང་དུ་ཐོན་པ་མ་ཟད། རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་དང་རྩ་འཛུགས་ཀྱི་ཞིབ་བཤེར་དང་བརྟག་དཔྱད་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་རྩ་འཛུགས་ཀྱིས་ཤེས་རྟོགས་བྱུང་བའི་གནད་དོན་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་ཕུད། ད་དུང་རྩ་འཛུགས་ཀྱིས་ཤེས་རྟོགས་མ་བྱུང་བའི་གནད་དོན་འབོར་ཆེན་ཡང་རང་འགུལ་ངང་ངོས་ལེན་ཞུས་ནས་ནོར་འཁྲུལ་ངོས་ལེན་དང་འགྱོད་གཤགས་བྱས་ཏེ་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་ཚང་མ་ཕྱིར་བསློགས་པས། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་ཀྱི་རྩ་དོན་ལྟར་གུ་ཡངས་གཏོང་ཆོག་གི་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་མཚོ་སྔོན་ཞིང་ཨུད་ལ་ཆོག་མཆན་ཞུས་པ་བརྒྱུད། ཝང་ཁྲང་གོར་ཏང་གི་སྐྱིད་སྡུག་ནས་འཕུད་པའི་ཆད་པ་གཅོད་རྒྱུ་དང་། ཁོ་པའི་ཐོབ་ཐང་གཏན་འབེབས་ལྟར་མེད་པ་བཟོ་རྒྱུ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་ཚང་མ་གཞུང་བཞེས་གཏོང་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་རེད།