གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་14ཉིན། 10:11】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མུན་སྒམ་ལ་དགའ་པོ་བྱེད་མཁན་ཚོས། མུན་སྒམ་བཟུང་ནས་དཀྲུག་ཙམ་བྱས་ཚེ་ནང་དུ་ཅ་ལག་གང་ཡོད་པ་ཧ་ལམ་ཤེས་ཐུབ།
ཉེ་བའི་ལོ་ཤས་རིང་། ཀྲུང་གོར་མུན་སྒམ་སོགས་དར་བཟོའི་རྩེད་ཆས་ལ་དགའ་པོ་བྱེད་མཁན་ཇེ་མང་དུ་སོང་བ་དེ་ཐོག་ནས་ཀྲུང་གོའི་དམངས་ཚོགས་ཀྱི་འཛད་སྤྱོད་གོམས་གཤིས་ལ་འགྱུར་ལྡོག་ཕྱིན་པ་མཚོན་ཡོད། མི་རྣམས་ཀྱིས་ནུས་གོང་གཉིས་བསྡུར་གྱི་ཅ་ལག་ལ་དང་དོད་བྱེད་པ་དང་ཆབས་ཅིག སྤྲོ་སྣང་སྟེར་ཐུབ་པའི་ཐོན་རྫས་ལ་དེ་བས་དང་དོད་བྱེད་ཀྱི་ཡོད།
དར་བཟོའི་ཐོན་རྫས་ཉོ་མཁན་འཛད་སྤྱོད་པ་མང་ཆེ་བས། ང་ཚོས་རིགས་ག་གེ་མོ་ཞིག་གི་རྩེད་ཆས་བདམས་ནས་འཚོལ་བསྡུ་བྱེད་པ་ནི་དེའི་ཁྲོད་ཀྱི་ནང་དོན་ཆེ་གེ་མོ་ཞིག་ལ་དམིགས་བསལ་གྱི་སྤྲོ་སྣང་ཡོད་པས་ཡིན་ཞེས་བཤད། འཛད་སྤྱོད་པ་མང་པོ་ཞིག་གིས་སྒུལ་བརྙན་རིགས་ཀྱི་དར་བཟོའི་རྩེད་ཆས་འཚོལ་བསྡུ་བྱ་རྒྱུར་དགའ་པོ་བྱེད་པ་ནི་རྩེད་ཆས་དེའི་རིགས་ཀྱིས་ཁོང་ཚོའི་བྱིས་དུས་ཀྱི་དྲན་ཤེས་བསམ་བློར་འཁོར་བས་རེད།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ནོར་དཔལ་འཐབ་ཇུས་ཞིབ་འཇུག་ཁང་སོགས་ཀྱིས་ཡོངས་བསྒྲགས་བྱས་པའི《དར་བཟོའི་རྩེད་ཆས་ཐོན་ལས་འཕེལ་རྒྱས་ཀྱི་སྙན་ཞུར(2023)》གཞིགས་ན། ཀྲུང་གོའི་དར་བཟོའི་རྩེད་ཆས་ཀྱི་ཁྲོམ་རའི་གཞི་ཁྱོན་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
ཀྲུང་གོའི་དར་བཟོའི་རྩེད་ཆས་ཁེ་ལས་ཀྱིས་ཀྱང་འདས་ཟིན་པའི་ལོ་ཤས་རིང་། ཕྱིར་གཏོང་གོམ་སྟབས་མགྱོགས་སུ་བཏང་བས་རྒྱལ་སྤྱིའི་ཁྲོམ་ར་ནས་ཁས་ལེན་དང་ཁེ་ཕན་དེ་བས་མང་བ་ཐོབ་ཡོད། ཐུན་མོང་མ་ཡིན་པའི་ཇུས་འགོད་དང་བསམ་བཀོད་ཀྱི་ཐོན་རྫས་དེ་རིགས་ཕྱི་རྒྱལ་གྱི་ཁྲོམ་རར་དགོས་མཁོ་ཆེན་པོ་ཡོད་སྟབས། འབྲེལ་ཡོད་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཡོད།
—— སིང་ཀ་ཕོར་གྱི《མཉམ་འབྲེལ་ཞོགས་པའི་ཚགས་པར》གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།