འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་14ཉིན།

༄༅།།མཚོ་སྔོན་གྱིས་སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་14ཉིན། 10:00】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ● གཞི་རྩའི་སྨན་བཅོས་ཞབས་ཞུ་དེ“གྲངས་ཚད་འཕར་བ”ནས“སྤུས་ཚད་མཐོར་འདེགས”ཕྱོགས་སུ་བསྒྱུར།

   ● མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ཞབས་ཞུའི་ཡོང་འབབ་ཀྱི་བསྡུར་ཚད་དེ་2022ལོའི་28.89%ནས་34.24%བར་འཕར་ཏེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད།

   ● མིག་སྔར་རྒྱལ་ཁབ་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་ཁྱོན་བསྡོམས་91ལ་ཞིབ་བཤེར་བྱས་ནས་རྩིས་ལེན་བྱུང་བ་མ་ཟད། རྒྱལ་ཡོངས་སུ་ཐོག་མར་བོད་སོག་སྨན་ཁང་གི་སྨན་སྦྱོར་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་རིགས་492དང་ཁག་2774བཏོན་པ་དང་། བོད་སྨན་སྣ་ཁ་150སྨན་བཅོས་འགན་བཅོལ་ནང་བཅུག་ཡོད།

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་གྱིས་སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མི་དམངས་ཀྱི་བདེ་ཐང་གཙོ་བོར་བྱེད་པ་དང་། ནད་ཐོག་སྨན་བཅོས་ཀྱི་རིན་ཐང་ཕྱོགས་སྟོན་དུ་བྱེད་པ། སྨན་བཅོས་བྱ་གཞག་འཕེལ་རྒྱས་ཀྱི་ཆོས་ཉིད་གཞི་འཛིན་སར་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་བརྟན་པོ་དང་ཧུར་ཐག་བཏང་ཞིང་། གཞི་རྩའི་སྨན་བཅོས་ཞབས་ཞུ་དེ“གྲངས་ཚད་འཕར་བ”ནས“སྤུས་ཚད་མཐོར་འདེགས”ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་གཞོལ་གྱི་ཡོད། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ཞབས་ཞུའི་ཡོང་འབབ་ཀྱི་བསྡུར་ཚད་དེ་2022ལོའི་28.89%ནས་34.24%བར་འཕར་ཏེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་པ་རེད།

    ལམ་སྲོལ་བཙུགས་ཏེ“ལེགས་སྒྲིག་བྱེད་མིན”ཁ་གསལ་བཟོས་ཤིང་། མཚོ་སྔོན་གྱིས་རིན་གོང་ལེགས་སྒྲིག་གི་གོ་རིམ་ལེགས་སུ་བཏང་ནས་སྟབས་བསྟུན་ཚད་ལྡན་གྱི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་བཙུགས་ཡོད། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་དང་མཉམ་འབྲེལ་ཐོག་སྨན་བཅོས་ཞབས་ཞུའི་རིན་གོང་ལེགས་སྒྲིག་ལམ་སྲོལ་འཛུགས་པའི་རྣམ་གྲངས་ཞིབ་འཇུག་ལས་དོན་སྤེལ་ནས་སྨན་བཅོས་སྒྲིག་གཞིའི་འཁོར་སྐྱོད་གནས་ཚུལ་དང་། སྨན་བཅོས་འགན་བཅོལ་གྱི་ཐེག་ནུས། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས། སྨན་བཅོས་ཞབས་ཞུའི་རྒྱུ་རྐྱེན་གྱི་མ་གནས་བཅས་ཕྱོགས་4བཟོས་ཏེ་སྨན་བཅོས་སྒྲིག་གཞིའི་ཡོང་འབབ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩའི་ཡོང་འབབ། མི་རེའི་ཆ་སྙོམས་GDPསོགས་གདེང་འཇོག་དམིགས་ཚད་ཁག་8བདམས་པ་དང་འབྲེལ། དེ་ཉིད་རྨང་གཞིར་བྱས་ནས་སྨན་བཅོས་ཞབས་ཞུའི་རིན་གོང་གི་འགུལ་རྣམ་ལེགས་སྒྲིག་གི་དམིགས་ཚད་མ་ལག་བཙུགས་ཏེ། སྨན་བཅོས་ཞབས་ཞུའི་རིན་གོང་ལེགས་སྒྲིག་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།

    ཁ་ཕྱོགས་གཏན་འཁེལ་བྱས་ཏེ“གང་ཞིག་ལེགས་སྒྲིག”བྱེད་པ་ཁ་གསལ་བཟོས་ཤིང་། ཉམས་ཞན་རིག་ཚན་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོར་གཞིགས་ནས་རྩེ་མོ་དང་རྟིང་རྩའི་ཁྲག་ལེན་དང་། ཀྲུང་ལུགས་གསོ་རིག་གིས་བྱིས་པར་བརྟག་དཔྱད་བྱེད་ཚད་མང་དུ་གཏོང་བ། འདས་ཁའི་ལྟ་སྐྱོང་སོགས་ཀྱི་རིན་གོང་རྣམ་གྲངས་མང་དུ་བཏང་བ་ལས་སྨན་དོན་པའི་ལག་རྩལ་གྱི་ངལ་ནུས་རིན་ཐང་གང་ལེགས་མངོན་ཡོད། ནད་ཆེན་གྱི་རིགས་ཞིང་ཆེན་ནས་བཅོས་ཐུབ་པ་མངོན་འགྱུར་མྱུར་པོ་ཡོང་བ་དང་རྒྱལ་ཁབ་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་ཆེད། མཚོ་སྔོན་ཞིང་ཆེན་དུ་སྤེལ་ཟིན་པ་དང་། སྨན་བཅོས་བྱ་ཡུལ་དུ་སྤེལ་ཟིན་ནའང་མཚོ་སྔོན་ཞིང་ཆེན་དུ་སྤེལ་མེད་པ་དང་དེ་བཞིན་ཕྱོགས་གཉིས་པོར་སྤེལ་མེད་པའི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ལ་འདུན་ཞུའི་གོ་རིམ་སྟབས་བདེ་རུ་བཏང་བ་དང་ཐོགས་མེད་བགྲོད་ལམ་བཏོད་ཡོད། མིག་སྔར་རྒྱལ་ཁབ་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་ཁྱོན་བསྡོམས་91ལ་ཞིབ་བཤེར་བྱས་ནས་རྩིས་ལེན་བྱུང་བ་མ་ཟད། རྒྱལ་ཡོངས་སུ་ཐོག་མར་བོད་སོག་སྨན་ཁང་གི་སྨན་སྦྱོར་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་རིགས་492དང་ཁག་2774བཏོན་པ་དང་། བོད་སྨན་སྣ་ཁ་150སྨན་བཅོས་འགན་བཅོལ་ནང་བཅུག་ཡོད།

    གྲུབ་ཆ་ལེགས་སྒྱུར་བྱས་ནས“ལེགས་སྒྲིག་ཇི་ལྟར”བྱེད་པ་ཁ་གསལ་བཟོས་ཤིང་། རིན་གོང་ལེགས་སྒྲིག་བྱེད་རིང་སྨན་བཅོས་སྒྲིག་གཞི་དང་ནད་ཐོག་སྨན་བཅོས་ཀྱི་སྨན་པ་རང་འགུལ་ངང་རིན་གོང་ལེགས་སྒྲིག་ནང་ཞུགས་སུ་བཅུག་ནས་སྨན་བཅོས་སྒྲིག་གཞི་དང་སྨན་དོན་པའི་ཆེད་ལས་ཀྱི་བསམ་འཆར་དང་ལུགས་མཐུན་གྱི་རེ་ཞུ་དེ་རིན་གོང་ནས་མངོན་པར་བྱས་པ་དང་། ལག་རྩལ་འཚམ་ཤོས་དེ་ནད་ཐོག་སྨན་བཅོས་ཀྱི་དོན་དངོས་དང་དེ་བས་འཚམ་པར་བྱས་ཡོད། མཉམ་སྒུལ་སྨན་རྫས་རྒྱུ་ཆ་མཉམ་དུ་ཉོ་སྒྲུབ་བྱས་འབྲས་དང་ཟུང་འབྲེལ་བྱས་ནས་སྒྲིག་ཆས་ཟད་གྲོན་གྱི་བསྡུར་ཚད་ཅུང་མཐོ་བའི་བརྟག་དཔྱད་སྨན་བཅོས་ཀྱི་རིན་གོང་དུས་མཚུངས་སུ་དམའ་རུ་བཏང་སྟེ། ལེགས་སྒྲིག་གི་རྣམ་གྲངས་85%སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ནང་བཅུག་པ་དང་། དེ་ཐོག་ནས་སྨན་བཅོས་ལག་རྩལ་གྱི་ངལ་ནུས་རིན་ཐང་དང་མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་དོ་སྙོམས་ནུས་ལྡན་བྱུང་བ་མཚོན་ཡོད།

    སྤྱི་འབོར་ཚོད་འཛིན་བྱས་ནས“ལེགས་སྒྲིག་ཅི་ཙམ”བྱེད་པ་ཁ་གསལ་བཟོས་ཤིང་། ཞིང་ཆེན་ནང་ཁུལ་གྱི་གཞུང་བཙུགས་སྨན་བཅོས་སྒྲིག་གཞིའི་ལོ་འཁོར་གྱི་སྨན་བཅོས་ཞབས་ཞུའི་རང་བཞིན་གྱི་ཡོང་འབབ་ཀྱི་སྤྱི་འབོར་དེ་ལོ་རྒྱུས་ཀྱི་གཞི་གྲངས་ལ་བརྩི་བ་དང་། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་། སྨན་རྫས་ཀྱི་སྤྱིའི་འགྲོ་གྲོན་གྱི་གཞི་ཁྱོན་དང་གྲུབ་ཆ། སྨན་བཅོས་འགན་བཅོལ་ཐེབས་རྩའི་མ་དངུལ་གྲབས་གསོག་འཁོར་སྐྱོད་སོགས་ཕྱོགས་6གི་དམིགས་ཚད་དེ་འཕར་བའི་བཏགས་གྲངས་ལ་བརྩི་བ། རིམ་པ་དབྱེ་ཞིབ་བྱེད་ཐབས་སྤྱད་དེ་ལོ་ཧྲིལ་པོའི་རིན་གོང་ལེགས་སྒྲིག་གི་སྤྱི་འབོར་ཚོད་རྩིས་དང་གཏན་འཁེལ་བཅས་བྱས་པ་རེད།