གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་12ཉིན། 13:46】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
པེ་ཅིན་གྱི་དུས་ཚོད་ནི་ཟླ་10ཚེས་8ཉིན་གྱི་ཆུ་ཚོད་8པ་ནས་ཟླ་10ཚེས་10ཉིན་གྱི་ཆུ་ཚོད་8པའི་བར་དུ། ཉི་མར་སྔ་རྗེས་སུ་མངོན་གསལ་ཆེ་བའི་འབར་གས་ཐེངས་ལྔ་བྱུང་། ཚེས་10ཉིན་ཨ་རིའི་རྒྱལ་ཁབ་རྒྱ་མཚོ་དང་རླུང་ཁམས་ཆེ་མོ་དོ་དམ་ཅུས་ཀྱིས་སའི་ཁབ་ལེན་འབར་གས་ཚབས་ཆེན་བྱུང་བའི་ཉེན་བརྡ་བཏང་བ་དང་། སའི་ཁབ་ལེན་འབར་གས་ཀྱི་རིམ་པ་སྔར་བས་མཐོ་རུ་འགྲོ་སྲིད་པའི་རྟགས་མཚན་བསྟན་པ་རེད། སའི་ཁབ་ལེན་འབར་གས་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས། གོ་ལ་ཧྲིལ་པོའི་ས་ཆ་མང་པོར“སྣེ་འོད་”འཆར་ཡོད་པ་རེད།
ཨ་རིའི་རྒྱལ་ཁབ་རྒྱ་མཚོ་དང་རླུང་ཁམས་ཆེ་མོ་དོ་དམ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས་8ཉིན་གྱི་ཉི་མའི་འོད་ཀོར་གྱི་དངོས་རྫས་གཏོར་འཕྲོ་ལས་བྱུང་བའི་གློག་ལྡན་རིལ་རྡུལ་དེ་ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཙམ་ལ་སའི་གོ་ལར་འབྱོར་བ་མ་ཟད་སའི་ཁབ་ལེན་འབར་གས་ཀྱང་བྱུང་ཡོད། མིག་སྔར། སའི་ཁབ་ལེན་འབར་གས་ཚབས་ཆེ་བའི་རིམ་པ་ལ་སླེབས་ཡོད་པ་མ་ཟད། ཚད་ཆེས་ཆེ་བའི་རིམ་པ་ལ་འཕར་སྲིད། སའི་ཁབ་ལེན་འབར་གས་ནི་ཉི་མའི་ཕྱི་ངོས་ཀྱི་འགུལ་སྐྱོད་ལས་བྱུང་བའི་སའི་གོ་ལའི་ཁབ་ལེན་ར་བས་གོ་ལ་ཧྲིལ་བོ་རང་བཞིན་གྱི་འཁྲུག་སློང་གི་སྣང་ཚུལ་ཞིག་ཡིན་ལ། དེས་གཙོ་བོ་མཁའ་འགྲུལ་དང་རླབས་ཐུང་འཕྲིན་གཏོང་། གློག་ཤུགས་མ་ལག་སོགས་ཀྱི་ཁྱབ་ཁོངས་ལ་ཤུགས་རྐྱེན་ཐེབས་པ་ཞིག་ཡིན།