འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་12ཉིན།

༄༅།།མཚོ་སྔོན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་3བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་12ཉིན། 10:33】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    མཚོ་སྔོན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་3བརྡ་ཁྱབ་བཏང་བ།

   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྟོན་ངལ་གསོའི་སྔ་ནུབ་ཏུ། སྒྲིག་ཁྲིམས་སྔར་བས་ནན་དུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་འཛིང་རགས་རྒྱུན་མཐུད་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་ནན་པོ་དང་ནན་པོ་མཐར་ཕྱིན་བྱེད་པའི་བརྡ་རྟགས་དྲག་པོ་གཏོང་བ་བཅས་བྱ་ཆེད། ཟླ་9ཚེས་29ཉིན་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་3བརྡ་ཁྱབ་བཏང་བ་རེད།

    མཚོ་ཤར་གྲོང་ཁྱེར་རྨིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཏུའོ་ཧེ་ཧྲེང་དང་དེ་སྔའི་ཀྲུའུ་རེན་གཞོན་པ་ཝང་ཡིའུ་ལེན་སོགས་ཀྱིས་སྒྲིག་འགལ་ངང་ཟ་འཐུང་བྱས་པའི་གནད་དོན། 2024ལོའི་ཟླ་4པར། ཏུའོ་ཧེ་ཧྲེང་གིས་ཚོགས་པའི་སྣེ་ཁྲིད་དེ་ཞིང་ཆེན་ཕྱི་རོལ་དུ་རྟོག་ཞིབ་དང་གསོ་སྦྱོང་བྱེད་རིང་རྫོང་དེའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཡིའུ་ལེན་སོགས་སྒྲིག་འཛུགས་བྱས་ཏེ། སྔ་ཕྱིར་དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱིས་བཤམས་པའི་གསོལ་སྟོན་ལ་ཐེངས་5ཞུགས་པ་རེད། 2024ལོའི་ཟླ་7པར། ཏུའོ་ཧེ་ཧྲེང་ལ་ཏང་ནང་བཞག་ནས་ལོ་གཉིས་ལྟ་ཞིབ་དང་སྲིད་དོན་གནས་དབྱུང་གི་ཆད་པ་བཅད་པ་དང་། 2024ལོའི་ཟླ་9པར། ཝང་ཡིའུ་ལེན་ལ་ཏང་ནང་བཞག་ནས་ལོ་གཉིས་ལྟ་ཞིབ་དང་སྲིད་དོན་གནས་དབྱུང་གི་ཆད་པ་བཅད་ཅིང་། སྒྲིག་འགལ་ངང་ཟ་འཐུང་བྱེད་མཁན་གཞན་དག་ཚང་མར་དེ་མཚུངས་ཀྱི་ཐག་གཅོད་བྱས་པ་རེད།

    ཟི་ལིང་གྲོང་ཁྱེར་ཁྲེང་ཀྲུང་ཆུས་མི་དམངས་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་དིང་གི་དེ་སྔའི་དིང་ཀྲང་གཞོན་པ་ལེང་ཅི་ཕིང་གིས་སྒྲིག་འགལ་ངང་གསོལ་སྟོན་མགྲོན་འབོད་ནང་ཞུགས་པ་དང་ལག་རྟགས་དང་འབུལ་རྟེན་དངུལ་བླངས་པའི་གནད་དོན། 2019ལོ་ནས་2020ལོའི་བར། ལེང་ཅི་ཕིང་གིས་ཏུའུ་ཆེ་གེ་མོའི་གྱོད་གཞི་ཐག་གཅོད་བྱེད་རིང་ཏུའུ་ཆེ་གེ་མོའི་གསོལ་སྟོན་ཐེངས་གཉིས་དང་ལེན་བྱས་པ་དང་ཏུའུ་ཆེ་གེ་མོས་སྤྲད་པའི་རིན་གོང་མཐོ་བའི་ཨ་རག་དང་ཇ་སོགས་ཀྱི་ལག་རྟགས་བླངས་པ་རེད། ལེང་ཅི་ཕིང་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཞན་དག་ཡོད་པར། 2024ལོའི་ཟླ་6པར། ལེང་ཅི་ཕིང་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་གནས་དབྱུང་གི་ཆད་པ་ཕོག་པ་རེད།

    རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་གི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཁང་ཡིང་གིས་སྒྲིག་འགལ་ངང་གསོལ་སྟོན་མགྲོན་འབོད་ནང་ཞུགས་པ་དང་ལག་རྟགས་དང་འབུལ་རྟེན་དངུལ་བླངས་པ་སོགས་ཀྱི་གནད་དོན། 2018ལོ་ནས་2023ལོའི་བར། ཁང་ཡིང་གིས་ལན་ཀྲོའུ་ཡི་ཀུང་སི་ཞིག་གི་ཕྱིར་ཚོང་པ་རེན་ཆེ་གེ་མོའི་གསོལ་སྟོན་མགྲོན་འབོད་ནང་ཐེངས་མང་ཞུགས་པ་དང་། རེན་ཆེ་གེ་མོ་སོགས་དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱིས་སྤྲད་པའི་རྩ་ཆེའི་ཐ་མག་དང་ཨ་རག་དང་ཡུལ་ཟོག་སོགས་ལག་རྟགས་དང་དེ་བཞིན་འབུལ་རྟེན་དངུལ་ཐེངས་མང་བླངས་པ་མ་ཟད། བཟའ་ཟླ་དང་བུ་མོ་ཁྲིད་དེ་དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱིས་བཀོད་སྒྲིག་བྱས་པའི་ཁྲེང་ཏུའུ་དང་ཁྲུང་ཆིང་སོགས་ས་ཆར་ཡུལ་སྐོར་ཐེངས་མང་བྱས་པ་རེད། ཁང་ཡིང་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཞན་དག་ཡོད་པར། 2024ལོའི་ཟླ་3པར། ཁང་ཡིང་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་བཅད་པ་དང་། དོགས་ཡོད་ཉེས་གསོག་གནད་དོན་དག་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་རྩིས་སྤྲད་པ་རེད།