གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་11ཉིན། 14:37】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་10ཉིན་སུའེ་ཏེན་རྩོམ་རིག་སློབ་གླིང་གིས་2024ལོའི་ནོ་པེར་རྩོམ་རིག་བྱ་དགའ་དེ་ཁོ་རེ་ཡ་ལྷོ་མའི་བུད་མེད་རྩོམ་པ་པོ་ཧན་ཅང་ལ་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཁོང་མོ་ནི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མཁན་ཁོ་རེ་ཡ་ལྷོ་མའི་རྩོམ་པ་པོ་དང་པོར་གྱུར་པ་རེད།
སུའེ་ཏེན་རྩོམ་རིག་སློབ་གླིང་གི་ལས་འགན་རྒྱུན་འཛིན་དྲུང་ཡིག་མ་ཚེ·མའར་མུའུ་ཡིས་ཉིན་དེ་སི་ཐོག་ཁོར་མོ་རུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག 2024ལོའི་ནོ་པེར་རྩོམ་རིག་བྱ་དགའ་དེ་ཁོ་རེ་ཡ་ལྷོ་མའི་རྩོམ་པ་པོ་ཧན་ཅང་ལ་སྤྲད་དེ། ཁོང་མོས“ཚོར་ཤུགས་དྲག་ཅིང་སྙན་ངག་གི་ཁྱད་ཆོས་ལྡན་པའི་ལྷུག་རྩོམ་ལ་བརྟེན་ནས་ལོ་རྒྱུས་ཀྱི་རྨ་ཁར་ཐད་ཀར་ཕྱོགས་པ་དང་། མིའི་རིགས་ཀྱི་ཚེ་སྲོག་གི་ཉམ་ཆུང་རང་བཞིན་གསལ་བར་མཚོན་པར”གཟེངས་རྟགས་འདི་སྤྲོད་རྒྱུ་ཡིན་ཞེས་བརྗོད། མཱའར་མུའུ་ཡིས་ཧན་ཅང་དང་ཁ་པར་བཏང་ནས་བྱ་དགའ་ཐོབ་པའི་གནས་ཚུལ་ཞུས་ཟིན། མོས་རང་ཉིད་ལ་བྱ་དགའ་ཐོབ་པ་བསམ་ཡུལ་ལས་འདས་པས་ཧ་ཅང་དགའ་པོ་བྱུང་ཞེས་བཤད་པ་རེད།
ནོ་པེར་ཨུ་ལྷན་གྱི་ཀྲུའུ་ཞི་ཨན་ཏེ་སི·ཨོའར་སུང་གིས་བཤད་དོན། ཧན་ཅང་གིས་བརྩམས་ཆོས་ནང་ལོ་རྒྱུས་ཀྱི་རྨ་ཁར་ཐད་ཀར་ཕྱོགས་པ་དང་། མིའི་རིགས་ཀྱི་ཚེ་སྲོག་གི་ཉམ་ཆུང་རང་བཞིན་གསལ་བར་མཚོན་ཡོད། ཁོང་ལ་ལུས་དང་རྣམ་ཤེས། སྐྱེ་འཆི་བར་གྱི་འབྲེལ་བར་དམིགས་བསལ་གྱི་ངོས་འཛིན་ཡོད་པ་མ་ཟད། སྙན་ངག་གི་ཉམས་དང་ཚོད་ལྟའི་རང་བཞིན་གྱི་ཁྱད་ཆོས་ལ་བརྟེན་ནས་དེང་རབས་ལྷུག་རྩོམ་གྱི་གསར་གཏོད་པ་ཞིག་ཏུ་གྱུར་ཡོད།
ཧན་ཅང་ནི་1970ལོར་ཁོ་རེ་ཡ་ལྷོ་མའི་ཀོང་ཀྲོའུ་ཡི་རྩོམ་རིག་ཁྱིམ་རྒྱུད་ཅིག་ཏུ་སྐྱེས། ཁོང་གི་ཚབ་མཚོན་བརྩམས་ཆོས《དཀར་ཟས་པ》ཞེས་པ་དེ་2007ལོར་པར་སྐྲུན་བྱས་རྗེས། རྒྱལ་སྤྱིའི་ཐོག་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་ཡིག་རིགས་མང་པོར་བསྒྱུར་ཡོད།