གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་10ཉིན། 13:31】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་སི་ཁ་ཐེ་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། ཨོ་མན་གྱི་སྡོད་ཁང་དང་གྲོང་ཁྱེར་འཆར་འགོད་ཀྱི་བློན་ཆེན་ཧ་ལེ་ཧྥན·ཧྲུའུ་དབྱི་ལི་ཡིས་གྲོང་ཁྱེར་འཆར་འགོད་ཐད་ཀྱི་ཀྲུང་གོའི་ནུས་པས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཨོ་མན་གྱི་གྲོང་ཁྱེར་འཆར་འགོད་རྣམ་གྲངས་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཨོ་མན་གྱི་སྡོད་ཁང་དང་གྲོང་ཁྱེར་འཆར་འགོད་པུས་གཙོ་གཉེར་བྱས་པའི“ཟླ་བཅུ་པའི་གྲོང་ཁྱེར་གྱི་ཚོགས་ཆེན”ཚེས་7ཉིན་ཨོ་མན་གྱི་རྒྱལ་ས་མ་སི་ཁ་ཐེའི་ཨོ་མན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་ཤིང་། ཧྲུའུ་དབྱི་ལི་ཡིས་ཚོགས་འདུའི་བར་གསེང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་ཀྲུང་གོར་འཚམས་འདྲི་བྱེད་པར་ཐེངས་མང་ཕྱིན་ནས་གྲོང་ཁྱེར་མང་པོར་བསྐྱོད་མྱོང་ཡོད། འཆར་འགོད་ཡིན་ནའང་འདྲ་ཡང་ན་ལག་རྩལ་གྱི་རིམ་པ་གང་ཞིག་ཡིན་རུང་ཀྲུང་གོའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ནུས་པར་མི་རྣམས་ཀྱིས་ཡིད་སྨོན་ཆེན་པོ་བྱེད་དགོས་པ་ཞིག་འདུག་ཅེས་བརྗོད་པ་རེད།
ཧྲུའུ་དབྱི་ལི་ཡིས། ཀྲུང་གོའི་གྲོང་ཁྱེར་འཛུགས་སྐྲུན་ལས་ང་ལ་བག་ཆགས་ཟབ་ཤོས་བྱུང་བའི་ཕྱོགས་གཉིས་ནི་ཚན་རྩལ་ནུས་སྐྱེད་དང་རང་བྱུང་ཁམས་སྲུང་སྐྱོང་རེད། ཀྲུང་གོའི་རྨང་གཞིའི་འཛུགས་སྐྲུན་གྱི་ནུས་པ་ཆེན་པོ་འཛམ་གླིང་དུ་སྐད་གྲགས་ཆོད་ཡོད། མིག་སྔར་ཀྲུང་གོའི་རྨང་གཞིའི་འཛུགས་སྐྲུན་གྱི་ཁེ་ལས་ཨོ་མན་གྱི་རྣམ་གྲངས་ནང་ཞུགས་པ་དང་གྲོང་ཁྱེར་གྱི་འཆར་འགོད་དང་འབྲེལ་བ་ཡོད་པའི་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཨོ་མན་གྱི་གྲོང་ཁྱེར་འཛུགས་སྐྲུན་ནང་ཞུགས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།