འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་26ཉིན།

༄༅།།ཀྲུང་དབྱང་ཁྲིམས་ལྟར་རྒྱལ་སྐྱོང་གཞུང་དོན་ཁང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས་6ལ་ཁྲིམས་སྐྱོང་ལྟ་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་26ཉིན། 09:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཀྲུང་དབྱང་ཁྲིམས་ལྟར་རྒྱལ་སྐྱོང་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཀྲུང་དབྱང་ཁྲིམས་ལྟར་རྒྱལ་སྐྱོང་གཞུང་དོན་ཁང་གིས་ལྟ་ཞིབ་ཚོགས་ཆུང་6བཏང་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་6གི་ཁྲིམས་སྐྱོང་ཁྱབ་ཁོངས་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་དུས་ཡུན་ཉིན་བདུན་རིང་ས་གནས་ས་ཐོག་ཏུ་ཁྲིམས་སྐྱོང་ལྟ་ཞིབ་བྱས་ཤིང་། དེ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྐྱོང་ལྟ་ཞིབ་བྱེད་ཐེངས་དང་པོ་དེ་རེད།

   ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་པོ་ནི་ཨན་ཧུའེ་དང་། ཧོ་ནན། ཀོང་ཤིས། སི་ཁྲོན། ཀན་སུའུ། ཉིང་ཞ་བཅས་ཡིན་ཞིང་། ལྟ་ཞིབ་ཚོགས་ཆུང་དེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ལས་ཐོག་པུའུ་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་། འབྲེལ་ཡོད་སྡེ་ཚན་དང་། ས་གནས་ཀྱི་ལས་སྒོའི་རྐང་འཛིན་པ། རིགས་གཅིག་མཁས་ཅན་དང་མཁས་དབང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན་སོགས་ཞུགས་ཡོད་པ་རེད།

    ད་ཐེངས་ལྟ་ཞིབ་བྱ་ཡུལ་གཙོ་བོ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་དང་། འགོ་ཁྲིད་ལས་བྱེད་པས“འགག་རྩའི་ཉུང་ཤས”ཀྱི་འགན་འཁྲི་སྒྲུབ་ཚུལ། ཁྲིམས་སྐྱོང་འཛུགས་སྐྱོང་གི“འཆར་འགོད་གཅིག་དང་རྩ་གནད་གཉིས”དོན་འཁྱོལ་བྱས་ཚུལ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་སོགས་ཀྱི་ནང་དོན་ལ་དམིགས་ཏེ། ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་དང་། རིམ་ཁག་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་ཁྲིམས་སྐྱོང་འཛུགས་སྐྱོང་གི་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ལག་ལེན་བསྟར་རྒྱུར་སྐུལ་འདེད། ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་དཔེ་བཟང་དུ་འགྱུར་བར་སྐུལ་འདེད། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་ལེན་བྱ་རྒྱུར་སྐུལ་འདེད། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཅས་བཏང་ཡོད།

     ལྟ་ཞིབ་ཐད་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྒྲིག་ཁྲིམས་ཁག་ནན་པོ་སྲུང་བ་དང་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་བྱ་རྒྱུ་རེད།