ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲུའུ་ཅིང་། ཁྲེན་ཡན་ཙེ། ཝུའུ་སི་སི།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 09ཚེས་20ཉིན། 10:17】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ནི་བུ་དགའ་ཡིས་ཁོང་གི“གསེར་ཁབ་ཚེམ་དྲུབ་བོད་ཆས་བཟོ་རྩལ”ཚེམ་བཟོ་ཁང་གི་མདུན་དུ་བརྒྱབ་པའི་པར་ཡིན་པ།
ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ནག་ཆུར་རྒྱ་ཆེ་བའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་ཇི་ལྟར་བསྐྱོད་རྒྱུ་ནི་ནག་ཆུ་བ་རྣམས་ལ་འཕྲད་པའི་དཀའ་གནད་ཅིག་རེད་ལ། “གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་བ་ལས་མི་རྣམས་ལ་ཚད་བརྒལ་བྱེད་ས་ཞིག་རྙེད།
གྲོང་གསེབ་ཀྱི་འཇོན་ཐང་ཅན་ལ་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱེད་པ་ནི་ཚད་བརྒལ་བྱེད་ས་དང་པོ་ཡིན།
ནག་ཆུ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲོའུ་ཆིང་ཁོའོ་ཡིས། གྲོང་གསེབ་མགྱོགས་མྱུར་འཕེལ་རྒྱས་གཏོང་བར་ས་གནས་རང་གི“འཇོན་ཐང་ཅན”དང་ཁ་འབྲལ་ཐབས་མེད། རིགས་ཁག་གི་ཆེད་ལས་རྩལ་ནུས་འགྲན་བསྡུར་སྒྲིག་འཛུགས་བྱས་པ་བརྒྱུད“འཇོན་ཐང་ཅན”ཁག་གཅིག་འབུར་དུ་ཐོན་ཞིང་། གཉེན་ཉེ་དང་། གྲོགས་པོ། ཁྱིམ་མཚེས་བཅས་ཀྱི་སྣེ་ཁྲིད་དེ་འགྲན་སློབ་སྙེག་བརྒལ་གྱིས“གྲོང་གསེབ་ཀྱི་གྲགས་ཅན་མི་སྣ་གསར་པར”གྱུར་ཏེ། གྲོང་གསེབ་དར་རྒྱས་ལ་ཤེས་ལྡན་པའི་རྨང་གཞི་སྔར་བས་ཡག་པོ་བཏིང་ཡོད་ཅེས་བཤད།
ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་རྩ་ལ་ཤང་གི་བུ་དགའ་ནི་ཐེངས་འདིའི་བྱེད་སྒོའི་བོད་བཟོའི་གུར་འཚེམ་མཁན་གྱི“འཇོན་ཐང་ཅན”ཞིག་རེད། ཁོང་ལ་སྐབས་དང་པོའི་བྱེད་སྒོའི་ཐོག་བྱ་དགའ་ཐོབ་རྗེས་མི་མང་པོས་ཁོང་གི་སྙན་གྲགས་ལ་ཡིད་སྨོན་སྐྱེས་ཏེ་ལག་རྩལ་སྦྱོང་བར་ཡོང་ཡོད། ད་ཆ་དགེ་ཕྲུག་6ནས་18བར་མང་དུ་ཕྱིན་པའི་ནང་ནས་དགེ་ཕྲུག་10ཡིས་རང་མགོ་ཐོན་རྗེས་རྫོང་གྲོང་དུ་རང་ཉིད་ཀྱི་ཚོང་ཁང་གཉེར་ཡོད།
2023ལོའི་ཐོན་སྐྱེད་རྩལ་ནུས་རིགས་ཀྱི་སྦག་སྦག་ཉམས་བཟོའི་གྲོང་ཁྱེར་རིམ་པའི་འགྲན་བསྡུར་ནང་། ལྷ་རི་རྫོང་སྨི་ཏི་ཁ་ཤང་གཡའ་ཁྲ་གྲོང་ཚོའི་ཡུལ་མི་ཚེ་རིང་སྟོབས་ལགས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད། བྱ་དགའ་ཐོབ་རྗེས་ཁོང་གིས་ལག་ཤེས་དེ་ཉེ་འགྲམ་གྱི་གཞོན་ནུར་བསླབས་ནས་ཡུལ་མིར་འབབ་འཕར་ཡོང་རོགས་བྱས་ཡོད།
འདི་ནི་འབྲི་རུ་རྫོང་ཆགས་རྩེ་ཤང་ཆུ་རོང་མདོ་གྲོང་ཚོའི་རྩམ་པ་མཉམ་ལས་ཁང་དུ་ལག་ཤེས་པ་ལས་ལ་བྲེལ་བཞིན་པ།
ངོ་སྤྲོད་བྱས་པར་གཞིགས་ན། “གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོས་རིམ་རྩིས་བྱས་ན་རྩལ་ནུས་ཤེས་ལྡན་པ་ཁྲི་6.4སྔོག་འདོན་བྱས་པ་དང་མང་ཚོགས་ཁྲི་6.8ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད།
ཐོན་ལས་འབྲེལ་མཐུད་དང་སྤྱི་ཚོགས་ཀྱིས་རོགས་སྐྱོར་ཡག་པོ་བྱེད་པ་ནི་ཚད་བརྒལ་བྱེད་ས་གཉིས་པ་ཡིན།
ནག་ཆུ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་རྒྱུར་ལྕག་སྐུལ་དང་གཞོགས་འདེགས་བྱས་ཏེ། ཐད་གཏོང་ཟོག་ཚོང་དང་ཚོང་འདུས་སོགས་ལ་བརྟེན་ནས་བྱེད་སྒོ་བརྒྱུད་འབུར་དུ་ཐོན་པའི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ནས་སྔར་བས་རྒྱ་ཆེ་བའི་ཁྲོམ་རའི་ཐོག་འདོན་ཐུབ་པར་བྱས་ཡོད།
འབྲི་རུ་རྫོང་ཆགས་རྩེ་ཤང་ཆུ་རོང་མདོ་གྲོང་ཚོའི་རྩམ་པ་མཉམ་ལས་ཁང་ནས་གསར་འགོད་པས་ལས་ལ་བྲེལ་བཞིན་པའི་ཚེ་དར་ཕུན་ཚོགས་མཐོང་བྱུང་། སྐབས་གཉིས་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་སྐབས་རྫོང་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་རྗེས་ཁོང་གི་མཉམ་ལས་ཁང་ལ“མདུན་སྐྱོད་བྱེད་སྒོའི་སྤུས་རྟགས་ཚོང་ཁང”གི་མིང་བསྩལ་ཡོད། “གནས་ཚུལ་དེ་རྫོང་དང་ཤང་ཡོངས་ཀྱི་མི་ཚང་མས་ཤེས་ཀྱི་ཡོད”ཅེས་ཁོང་གིས་བཤད།
2023ལོར་ཚེ་དར་ཕུན་ཚོགས་ཀྱིས་མདུན་སྐྱོད་བྱེད་སྒོའི་འགྲེམས་ཚོང་ལ་ཐེངས་11ཞུགས་པ་དང་འབྲེལ་ཟོག་འགྲུལ་ཀུང་སི་དང་མཉམ་ལས་བྱས་ཏེ། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་ཕྱིར་ཚོང་གི“མཐའ་མའི་འགག་གནད”བསལ་ཞིང་། ཐོན་རྫས་ཕྱི་ཕྱོགས་སུ་བཙོངས་པར་ལོ་ལྟར་གྱི་ཡོང་འབབ་ལས་གྲོང་ཚོ་ཡོངས་ཀྱི་གྲོང་མིར་བགོ་འགྲེམས་རྒྱག་གི་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར། “གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་ཕུལ་བྱུང་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་ཁྱད་ལྡན་ཐོན་ལས་མང་པོར་བསྒྱུར་ནས་མང་ཚོགས་མི་2538ལས་ཞུགས་ལས་གཏོད་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་། མང་ཚོགས་ལ་འབབ་འཕར་སྒོར་ཁྲི་9934ཡོང་བར་སྐུལ་འདེད་བཏང་ཡོད།
གྲོང་གསེབ་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཚད་བརྒལ་བྱེད་ས་གསུམ་པ་ཡིན།
ཤེས་རྟོགས་བྱུང་བར་གཞིགས་ན། “གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོས་ཧོར་སྒོ་རྩེ་གྲུ་བཞི་དང་། སོག་རྫོང་གི་རྡོ་བརྐོས། སྦྲ་ཆེན་གྱི་ཀོ་ཆས་བཟོ་རྩལ་སོགས་ཁྱད་ལྡན་རིག་གནས་ཐོན་ཁུངས་465སྔོག་འདོན་ཐུབ་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཡོང་འབབ་སྒོར་ཁྲི་402བཏོད་ཡོད།
ནག་ཆུ་གྲོང་ཁྱེར“མདུན་སྐྱོད་གཞུང་ལས་ཁང”གི་ཀྲུའུ་རེན་གཞོན་པ་ལིའུ་ཆང་གིས། ཞིང་འབྲོག་པའི་གཞོན་ནུ་མང་པོས་འགྲན་བསྡུར་ལ་ལྟ་བ་དང་དེར་ཞུགས་པའི་བརྒྱུད་རིམ་ཁྲོད་རིམ་བཞིན་རྩལ་ནུས་སྦྱོང་བ་དང་རྩལ་ནུས་བེད་སྤྱོད་གཏོང་བའི་འདུ་ཤེས་ཟབ་ཏུ་ཕྱིན་པ་དོ་སྣང་བྱུང་། རྩལ་ནུས་ཀྱི་གཟེངས་བསྟོད་རྟགས་མ་རེ་རེ་དང་། དམངས་སྲོལ་བྱེད་སྒོ་རེ་རེ། སྤོབས་སེམས་ཀྱི་འཛུམ་མདངས་རེ་རེ་ལས་གྲོང་གསེབ་ཀྱི་ཕུལ་བྱུང་རིག་གནས་ཀྱི་སྙིང་སྟོབས་གཏོད་བཞིན་ཡོད་ཅེས་བཤད།