འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་19ཉིན།

བུ་རོགས་གངས་རིའི་འཁྱགས་ཐང་གི་མཐོང་ཐོས།

༄༅།།འཁྱགས་རོམ་ཆུང་དུ་སོང་བ་དང་མཚེའུ་མང་དུ་འགྲོ་བཞིན་ཡོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་19ཉིན། 09:33】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། མཚོ་བོད་ས་མཐོའི་འཁྱགས་ཐང་ཆེ་ཤོས་ཡིན་པའི་བུ་རོགས་གངས་རིའི་འཁྱགས་ཐང་གི་འཁྱགས་རིམ་ཨང་8པའི་མཐའ་སྣེའི་འཁྱགས་རོམ་བཞུར་བའི་ཆུ་ཕྲན་ཁ་ཤས་འཁྱགས་རོམ་གཞན་དང་གཅིག་ཏུ་འདྲེས་ནས་བུ་རོགས་གངས་རིའི་འཁྱགས་ཐང་ནུབ་ངོས་ཀྱི་གླིང་ཀོ་མཚོར་རྒྱུག་གི་ཡོད།

     གསར་འགོད་པས་ཉིན་ཤས་བསྟུད་མར་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་ཁག་དང་མཉམ་དུ་བུ་རོགས་གངས་རིའི་འཁྱགས་ཐང་དུ་བཅར་འདྲི་བྱེད་སྐབས། འཛམ་གླིང་གི་དམའ་འབྲིང་འཕྲེད་ཐིག་གི་ཏུའུ་གྲངས་ཆེ་ཤོས་ཡིན་པའི་འཁྱགས་ཐང་དེའི་འཁྱགས་རོམ་རྒྱུན་ཆད་མེད་པར་ཆུང་དུ་འགྲོ་བཞིན་ཡོད་པ་མཐོང་བྱུང་། དེ་དང་ཆབས་ཅིག་འཁྱགས་རོམ་བཞུར་བ་ལས་གྲུབ་པའི་གླིང་ཀོ་མཚོ་སོགས་མཐའ་འཁོར་གྱི་མཚོ་མཚེའུ་དག་ཉེ་བའི་ལོ་ཤས་རིང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

     བུ་རོགས་གངས་རིའི་འཁྱགས་ཐང་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་གནས་ཤིང་། རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་ཏེ། བོད་ལྗོངས་མཚོ་གཉིས་རྫོང་ནས་བྱང་ཤར་མཚམས་ཀྱི་སྤྱི་ལེ་90ཙམ་གྱི་སར་གནས་ཤིང་། འཁྱགས་རོམ་གྱི་མཁས་དབང་ཡོན་ཧྲི་ཡའོ་ཐན་ཏུང་གིས་སྣེ་ཁྲིད་པའི་ཚན་ཞིབ་རུ་ཁག་གིས་1999ལོར་ཐོག་མར་ཤེས་རྟོགས་བྱུང་བ་དང་། 2000ལོར་འཁྱགས་སྙིང་འབིགས་ལེན་གཙོ་བོར་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བྱེད་སྐབས་དེའི་འཁྱགས་རོམ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་420ལྷག་ཙམ་ཟིན་པ་ཤེས་རྟོགས་བྱུང་ཡོད། རྩེ་ཁུལ་ལྟེ་བར་བྱས་ཏེ་མཐའ་བཞིའི་གཞོང་སར་ལྕེ་དབྱིབས་འཁྱགས་པ་50ལྷག་ཙམ་མཆེད་པ་ལས་ཧ་ཅང་བརྗིད་ཉམས་ལྡན་པ་ཞིག་ཡོད།

     འོན་ཀྱང་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པའི་དབང་གིས་ཡངས་ཤིང་རྒྱ་ཆེ་བའི་བུ་རོགས་གངས་རིའི་འཁྱགས་ཐང་ཆུང་དུ་འགྲོ་བཞིན་ཡོད། ཞིབ་འཇུག་ལས་མངོན་པར། 2021ལོར་བུ་རོགས་གངས་རིའི་འཁྱགས་ཐང་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་389ཙམ་དུ་ཆུང་དུ་ཕྱིན་ཡོད་པ་རེད།

     འདི་ལོའི་ཟླ་8པར་སྤེལ་འགོ་ཚུགས་པའི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ“ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་བྱེད--‘འཁྱགས་ཐང་གཅིག་དང་། མཚོ་གཉིས། གཙང་པོ་གསུམ”བཅས་ཀྱི་མཚོན་རྟགས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བྱེད་སྒོ་གལ་ཆེན”སྤེལ་འགོ་ཚུགས་ཤིང་། བུ་རོགས་གངས་རིའི་འཁྱགས་ཐང(འཁྱགས་ཐང་གཅིག)དང་། སེར་གླིང་མཚོ་དང་གནམ་མཚོ(མཚོ་གཉིས) འབྲི་ཆུའི་ཆུ་འགོ་དང་། རྒྱལ་མོ་རྔུལ་ཆུའི་ཆུ་འགོ ཉག་ཆུའི་ཆུ་འགོ(ཆུ་བོ་གསུམ)སོགས་འགག་རྩའི་ས་ཁོངས་ལ་དམིགས་ཏེ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དང་ཞིབ་འཇུག་བྱ་རྒྱུ་རེད། མིག་སྔར་ཚན་རིག་རྟོག་ཞིབ་རུ་མིས་བུ་རོགས་གངས་རིའི་འཁྱགས་ཐང་ལྟེ་བར་བྱེད་པའི་འཁྱགས་རོམ་མི་འདྲ་བར་འཁྱགས་རོམ་གྱི་དེང་རབས་བརྒྱུད་རིམ་ལྟ་ཞིབ་ཚད་ལེན་དང་། འཁྱགས་སྙིང་འབིགས་ལེན། མཚེའུ་དང་བཞུར་རྒྱུན་འགུལ་ཚུལ་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་སྤེལ་ནས། གནམ་གཤིས་འགྱུར་ལྡོག་འོག་འཁྱགས་རོམ་བཞུར་བ་དང་། བཞུར་རྒྱུན་འགྱུར་ལྡོག མཚེའུ་རྒྱ་སྐྱེད་དང་གནམ་གཤིས་འགྱུར་ལྡོག་བཅས་མངོན་པའི་ཕན་ཚུན་དང་ལེན་ལམ་སྲོལ་བཟོ་བ་དང་གནམ་གཤིས་དྲོ་རུ་འགྲོ་བའི་རྒྱབ་ལྗོངས་འོག་འཁྱག་ཐེབས་ཁུལ་དང་ཆུའི་ཐོན་ཁུངས་འགྱུར་ལྡོག་གི་ཁྱད་ཆོས་དང་ཤུགས་རྐྱེན་གསལ་བཤད་བྱེད་རྒྱུ་རེད།

    འཁྱགས་རོམ་ཆུང་དུ་སོང་བའི་ཕྱོགས་གཞན་ཞིག་ནི་འཁྱགས་རོམ་བཞུར་ནས་མཚེའུ་ཇེ་ཆེར་འགྲོ་བ་དེ་ཡིན།

    བུ་རོགས་གངས་རིའི་འཁྱགས་རོམ་གྱི་མཐའ་འཁོར་དུ་ས་མཐོའི་མཚེའུ་མང་པོ་ཡོད། དེའི་ནང་གླིང་ཀོ་མཚོ་དང་། རྡོ་སྐས་མཚོ་རིང་། གདོར་ཟོལ་གདོང་མཚོ་བཅས་ལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་100ལྷག་ཙམ་ཡོད་པ་དེ་དག་གཙོ་བོ་འཁྱགས་རོམ་གྱི་བཞུར་ཆུ་དང་ས་ངོས་ཀྱི་བཞུར་རྒྱུན་གྱིས་གསབ་ཀྱི་ཡོད་པ་རེད།

    མཚོ་གཉིས་རྫོང་ལུ་མ་སྐྱ་ནག་རི་སྐྱེས་སྲོག་ཆགས་ཀྱི་ཆེད་ལས་བདག་སྐྱོང་ས་ཚིགས་སུ་ལས་ཀ་ལོ་7བྱས་པའི་བདག་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་བཀྲ་ཤིས་ཀྱིས། ལོ་དེ་དག་ནང་གླིང་ཀོ་མཚོའི་ཉེ་འཁོར་དུ་སྐོར་གཡེང་བྱེད་སྐབས་གཙོད་དང་རྐྱང་སོགས་རི་སྐྱེས་སྲོག་ཆགས་མང་དུ་ཕྱིན་པའི་ཚོར་སྣང་བྱུང་ལ་ལོ་འདི་དག་ནང་མཚེའུའི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པའང་ཚོར་བྱུང་ཞེས་བཤད་པ་རེད།