འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་18ཉིན།

༄༅།།མཚོ་སྔོན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་3བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་18ཉིན། 14:01】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། སྒྲིག་ཁྲིམས་སྔར་བས་ནན་དུ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་འཛིང་རགས་རྒྱུན་མཐུད་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་ནན་པོ་དང་ནན་པོ་མཐར་ཕྱིན་བྱེད་པའི་བརྡ་རྟགས་དྲག་པོ་གཏོང་བ་བཅས་བྱ་ཆེད། ཚེས་13ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཉེ་ཆར་ཞིབ་བཤེར་ཐག་གཅོད་ཐུབ་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱི་གནད་དོན་ཁག་3བརྡ་ཁྱབ་བཏང་བ་རེད།

ཟི་ལིང་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ལས་འཛིན་དཔོན་གཞོན་པ་ལུའོ་ཧྲའོ་ཧྭ་དང་། གཞུང་ལས་ཁང་གི་དེ་སྔའི་ཀྲུའུ་རེན་ཁྲེན་ཧའེ་ཡོན། ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་དེ་སྔའི་འགན་འཁུར་བ་ཀྲང་ཡན་ལིང་བཅས་ཀྱིས་སྒྲིག་འགལ་ངང་གསོལ་སྟོན་མགྲོན་འབོད་དང་ལེན་བྱས་པ་སོགས་ཀྱི་གནད་དོན། 2018ལོ་ནས་2024ལོ་བར། ལུའོ་ཧྲའོ་ཧྭ་ཡིས་དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱི་གསོལ་སྟོན་ཐེངས་མང་དང་ལེན་བྱས་པ་དང་འབྲེལ་འབུལ་རྟེན་དངུལ་ཡང་བླངས་པ་དང་། ཁྲེན་ཧའེ་ཡོན་དང་ཀྲང་ཡན་ལིང་གིས་དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱི་གསོལ་སྟོན་ཐེངས་མང་དང་ལེན་བྱས་པ་མ་ཟད་འཛད་སྤྱོད་གཱ་ཡི་འཛིན་ཤོག་དང་དེ་བཞིན་འབུལ་རྟེན་དངུལ་ཡང་བླངས་ཡོད་པ་རེད། ལུའོ་ཧྲའོ་ཧྭ་དང་། ཁྲེན་ཧའེ་ཡོན། ཀྲང་ཡན་ལིང་བཅས་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཞན་དག་ཡོད་པར། 2024ལོའི་ཟླ་བ་6པར། ལུའོ་ཧྲའོ་ཧྭ་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་སྲིད་དོན་གནས་དབྱུང་གི་ཆད་པ་བཅད་པ་དང་།2024ལོའི་ཟླ་བ་5པར། ཁྲེན་ཧའེ་ཡོན་དང་ཀྲང་ཡན་ལིང་ལ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་བའི་ཆད་པ་བཅད་པ་དང་ཉེས་གསོག་དོགས་གཞི་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་རྩིས་སྤྲད་པ་རེད།

མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་ཀྲང་ཤང་ཅུན་གྱིས་སྒྲིག་འགལ་ངང་གསོལ་སྟོན་མགྲོན་འབོད་དང་ལེན་བྱས་པ་སོགས་ཀྱི་གནད་དོན། 2022ལོ་ནས་2024ལོ་བར། ཀྲང་ཤང་ཅུན་གྱིས་དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱིས་ཤིས་ཨན་དང་། ཟི་ལིང་། མཚོ་ཤར་སོགས་སུ་བཤམས་པའི་གསོལ་སྟོན་ཐེངས་མང་དང་ལེན་བྱས་པ་དང་འབྲེལ་ལག་རྟགས་དང་འབུལ་རྟེན་ཡང་བླངས་པ་མ་ཟད། རང་ཉིད་ཀྱིས་སྤྲོད་དགོས་ངེས་ཀྱི་བཟའ་བཏུང་དང་ཡུལ་སྐོར་སོགས་ཀྱི་འགྲོ་གྲོན་དག་དོ་དམ་དང་ཞབས་འདེགས་ཞུ་ཡུལ་ལ་སྤྲོད་དུ་བཅུག་པ་རེད། ཀྲང་ཤང་ཅུན་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཞན་དག་ཡོད་པར། 2024ལོའི་ཟླ་བ་8པར། ཀྲང་ཤང་ཅུན་ལ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་བའི་ཆད་པ་བཅད་པ་རེད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་གཡག་ཁེངས་ཤང་གི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་བློ་གྲོས་རྒྱལ་མཚན་དང་། ཤང་ཀྲང་གཞོན་པ་དོན་འགྲུབ་ཚེ་རིང་གིས་ལས་ཀ་བྱེད་རིང་སྒྲིག་འགལ་ངང་ཆང་རག་བཏུངས་པའི་གནད་དོན་ཏེ། 2024ལོའི་ཟླ་བ་7ཚེས་1ནས་ཚེས་6ཉིན་བར། བློ་གྲོས་རྒྱལ་མཚན་གྱིས་འབྲུབ་དུས་སུ་སྡོད་བྱ་བྱེད་རིང་ལས་བཟོའི་ཉལ་ཁང་དུ་སྒྲིག་འགལ་ངང་ཆང་རག་ཐེངས་མང་བཏུངས་པ་དང་། ཟླ་བ་7ཚེས་9ཉིན་བློ་གྲོས་རྒྱལ་མཚན་དང་དོན་འགྲུབ་ཚེ་རིང་གཉིས་ཀྱིས་འབྲུབ་འགོག་ལས་དོན་ལ་ཞིབ་བཤེར་བྱས་ནས་ཕྱིར་ལོག་པའི་ལམ་བར་དུ་སྒྲིག་འགལ་ངང་ཆང་རག་བཏུངས་པ་རེད། 2024ལོའི་ཟླ་བ་8པར། བློ་གྲོས་རྒྱལ་མཚན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་བསྒྲགས་པ་དང་སྲིད་དོན་གྱི་གནས་དབྱུང་ཆད་པ་བཅད་པ་དང་། དོན་འགྲུབ་ཚེ་རིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད།