གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 09ཚེས་14ཉིན། 13:43】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་ཀྲེང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧོ་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་དང་ཞ་མོན་སློབ་ཆེན་སོགས་ཚན་པས་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ཚན་རིག་བརྡ་ཁྱབ》ཐོག་ཞིབ་འཇུག་གྲུབ་འབྲས་སྤེལ་ཡོད། ཞིབ་འཇུག་བྱས་པ་བརྒྱུད་ད་བར་ལོ་7000ཡས་མས་ཀྱི་དབྱང་ཧྲའོ་གྲོང་ཚོའི་གནའ་མིས་ཀྲུང་ཧྭ་མི་རིགས་གྲུབ་པར་རྒྱུད་སྤེལ་གྱི་ལེགས་སྐྱེས་གལ་ཆེན་ཕུལ་བ་ཤེས་རྟོགས་བྱུང་ཡོད།
ཞིབ་འཇུག་གྲུབ་འབྲས་ནས་མངོན་པར། ས་གནས་ཁག་གི་རྒྱ་རིགས་མི་ཚོགས་ཁྲོད་ཀྱི་རྒྱུད་པའི་གྲུབ་ཆ་57%ནས་92%བར་ནི་དབྱང་ཧྲའོ་གྲོང་ཚོའི་གནའ་མིས་ཚབ་མཚོན་དུ་བྱས་པའི་རྡོ་ཆས་གསར་མའི་དུས་རབས་ཀྱི་རྨ་ཆུའི་དབུས་རྒྱུད་ས་ཁུལ་གྱི་གནའ་རབས་ཀྱི་མི་ཚོགས་ནས་ཡིན་ཞིང་། བསྡུར་ཚད་དེའང་བོད་ཀྱི་བོད་རིགས་མི་ཚོགས་ཁྲོད་དུ་70%ནས་80%བར་ཟིན་གྱི་ཡོད། ཧྭ་ནན་ས་ཁུལ་གྱི་མེའོ་རིགས་དང་། ཡའོ་རིགས། ཀྲོང་རིགས། ཏུང་རིགས་བཅས་ཀྱི་མི་ཚོགས་ཁྲོད་དུའང་རྡོ་ཆས་གསར་མའི་དུས་རབས་ཀྱི་རྨ་ཆུའི་དབུས་རྒྱུད་ས་ཁུལ་གྱི་གནའ་མིའི་རྒྱུད་པ་འབོར་ཆེན་ཡོད་པ་རེད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)