གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 09ཚེས་09ཉིན། 09:48】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་སྔ་དྲོར། རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཀྲུང་ཧྥེའི་ཁེ་ལས་མཁས་ཅན་གྱི་ཚོགས་ཆེན་སྐབས་བརྒྱད་པའི་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།
ལི་ཆང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གཙོ་དོན་གསུང་བཤད་གནང་བ་དང་། ཨ་ཧྥེ་རི་ཁར་འཛིན་པའི་དངོས་སྒྲུབ་མཉམ་ལས་ཀྱི་བྱ་ཐབས་གསར་པ་མང་པོ་ཞིག་ཁྱབ་བསྒྲགས་གནང་བ། ཀྲུང་གོ་རང་ངོས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཉམས་མྱོང་དང་ཟུང་འབྲེལ་གྱིས་ཀྲུང་ཧྥེ་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་དེང་རབས་ཅན་ལ་སྣེ་ཁྲིད་བྱ་རྒྱུ་སོགས་ཀྱི་ཐད་གྲོས་འགོ་གལ་ཆེན་བཏོན་གནང་བ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛམ་གླིང་གི་དོན་སྙིང་དང་དུས་རབས་ཀྱི་རིན་ཐང་གང་ལེགས་མངོན་ཡོད། ཀྲུང་ཧྥེའི་དབར་གྱི་མཛའ་གྲོགས་ཟབ་ལ་སྲ་ཞིང་བརྟན་པ་ཞིག་ཡོད་པས་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་སློབ་སྦྱོང་དང་མིག་ལྟོས་བྱེད་རེས་དང་། ཕན་ཚུན་རོགས་རམ། དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བཅས་བྱེད་འདོད་ཡོད།
ལི་ཆང་གིས་གསུངས་དོན། ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ནི་ཀྲུང་ཧྥེའི་མཉམ་ལས་ཀྱི་རྨང་རྡོ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་གཡུར་ཟའི་གྲུབ་འབྲས་ཐོབ་སྟེ་ཀྲུང་ཧྥེའི་དབར་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཀྲུང་ཧྥེའི་དབར་ངེས་པར་དུ་མཐུན་སྒྲིལ་མཉམ་ལས་སྔར་བས་དམ་ཟབ་བྱས་ནས་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་རིམ་པ་དེ་བས་ཟབ་པ་དང་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་སྟེ། གཅིག་ནས་ཁྲོམ་རའི་འབྲེལ་མཐུད་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། ཀྲུང་གོས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ལ་ཕྱོགས་རྐྱང་པའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་པའི“ཤར་བགྲོད་ལམ་བུ”རྒྱ་ཆེར་གཏོང་བ། ཨ་ཧྥེ་རི་ཁ་དང་མཉམ་དུ་ཕན་ཚུན་སྒོ་མོ་འབྱེད་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ།
དཔལ་འབྱོར་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་སྒྲོམ་གཞིའི་གྲོས་ཆོད་ལ་གྲོས་བསྡུར་དང་མིང་རྟགས་མགྱོགས་པོ་འགོད་པ་བཅས་བྱས་ནས་ཚོང་དོན་མ་འཇོག་སྟབས་བདེ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་འདོད་ཡོད། གཉིས་ནས་ཐོན་ལས་མཉམ་འདྲེས་ལ་སྔར་བས་སྐུལ་འདེད་གཏོང་དགོས་ཤིང་། ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་དུ་ཐོན་ལས་འཁོར་འབྲེལ་གྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་ཐོན་ལས་ཕན་སྐུལ་དང་། ཁེ་ཕན་མཉམ་སྤྱོད། འཕེལ་རྒྱས་མཉམ་སྐྱོད་བཅས་སྔར་བས་མངོན་འགྱུར་ཡོང་བ་བྱེད་པ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ནང་སྔར་བས་མཉམ་འདྲེས་བྱས་ཏེ་ཐོན་སྤྲོད་འཁོར་འབྲེལ་བརྟན་པོ་དང་ཤར་གཏོང་ཐུབ་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། གསུམ་ནས་གསར་གཏོད་སྐུལ་སྤེལ་སྔར་བས་ཤུགས་ཆེར་གཏོང་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་གྲངས་འཛིན་དཔལ་འབྱོར་དང་། མི་ཐབས་རིག་ནུས། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྒུལ་ནུས་གསར་པ་ཐུན་མོང་ཐོག་སྐྱེད་སྲིང་དང་འཕེལ་རྒྱས་བཏང་སྟེ་དཔལ་འབྱོར་གྱི་འཕར་གཞི་གསར་པ་དེ་བས་མང་པོ་སྔོག་འདོན་བྱེད་འདོད་ཡོད།
ལི་ཆང་གིས་གསུངས་དོན། ཁེ་ལས་མཁས་ཅན་ནི་སྤྱི་ཚོགས་ཐོན་སྐྱེད་ཀྱི་སྒྲིག་འཛུགས་པ་དང་། སྤྱི་ཚོགས་རྒྱུ་ནོར་གྱི་གསར་གཏོད་པ། སྤྱི་ཚོགས་ཡར་ཐོན་གྱི་སྐུལ་འདེད་པ་བཅས་ཡིན་པས། ཁོང་ཚོ་ཁྲོམ་རའི་འགྱུར་ལྡོག་གི་ངེས་མེད་རང་བཞིན་དེ་ཁྲོམ་ར་མངོན་འགྱུར་གྱི་གཏན་འཁེལ་རང་བཞིན་ལ་འགྱུར་མཁས་པོ་ཡོད། དེ་ནི་ཟང་ཟིང་མཉམ་འདྲེས་དང་གཏན་འཁེལ་མེད་པའི་རང་བཞིན་གྱིས་ཁེངས་པའི་དེང་གི་འཛམ་གླིང་ལ་དེ་བས་མཁོ་ཆེ་བ་དང་དེ་བས་རྩ་ཆེན་པོ་ཞིག་རེད། སླད་ཕྱིན་རྒྱ་ཆེའི་ཀྲུང་ཧྥེའི་ཁེ་ལས་མཁས་ཅན་ཚོས་བློ་གྲོས་དང་འགན་འཁྲི་དེ་བས་ཆེ་བ་བཏོན་འགྱུར་ལྡོག་ཁྲོད་ནས་འགྱུར་མེད་ཀྱི་ས་ཁོང་དུ་ཆུད་པ་དང་། འགྲན་སློང་ཁྲོད་ནས་གོ་སྐབས་ཤེས་རྟོགས། རང་འགུལ་ངང་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ། བློ་བརྟན་འགྱུར་མེད་ངང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྥེ་ཙམ་མ་ཟད་གོ་ལ་ཧྲིལ་པོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་དེ་བས་ཆེན་པོ་འདོན་རྒྱུའི་རེ་བ་ཡོད། ཁེ་ལས་ཀྱི་འཕེལ་རྒྱས་དང་མཉམ་ལས་དེ་ཀྲུང་ཧྥེའི་མཛའ་མཐུན་གྱི་སྤྱི་ཡོངས་དང་མཉམ་འདྲེས་བྱས་ནས་འཕེལ་རྒྱས་དང་དམངས་འཚོར་མ་དངུལ་གཏོང་ཤུགས་ཆེ་རུ་ཧུར་ཐག་བཏང་སྟེ་ཕྱོགས་གཉིས་པོའི་མི་དམངས་ལ་མཉམ་ལས་ཀྱི་གྲུབ་འབྲས་ཀྱི་ཕན་པ་སྔར་ལས་མང་པོ་ཐོབ་པ་བྱེད་དགོས།
ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འགོ་ཁྲིད་པ་དང་། ཀྲུང་ཧྥེའི་ཁེ་ལས་མཁས་ཅན་གྱི་འཐུས་མི། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་དང་སྒྲིག་གཞིའི་འཐུས་མི་བཅས་མི་1000ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སེ་ནེ་ཀལ་གྱི་ཙུང་ཐུང་ཧྥ་ཡེ་དང་། ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝཱ། ཙན་པི་ཡའི་ཙུང་ཐུང་ཤིས་ཆི་ལའེ་མཱ། ཀ་པོན་གྱི་ཙུང་ཐུང་ཨེན་ཀུའེ་མཱ། ཁོ་མོ་རོ་ཡི་ཙུང་ཐུང་ཨཱ་ཀྲ་ལི། སོ་ཐོ་མེ་དང་ཕུ་རིན་སི་ཕེའི་ཙུང་ལི་ཐེ་ལུའོ་ཝཱ་ཏཱ། དེ་བཞིན་ཚོགས་ཞུགས་ཁེ་ལས་མཁས་ཅན་གྱི་འཐུས་མི་བཅས་ཀྱིས་སྔ་རྗེས་སུ་ཤིས་ཚིག་བསྒྲོན་ནས་ཧྥེ་ཀྲུང་ནི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་གི་རོགས་ཟླ་ཡག་པོ་དང་། གྲོགས་པོ་ཡག་པོ། སྤུན་གྲོགས་ཡག་པོ་བཅས་ཡིན་ཞེས་གསུངས་པ་རེད།