འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་5ཉིན།

ནང་སའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་འཐུས་མི་ཚོགས་པ་ཨའོ་མོན་དུ་འབྱོར་བ།

༄༅།།ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་དགོང་ཚིགས་བཤམས་པ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་05ཉིན། 13:32】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ཨའོ་མོན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕ་རི་སི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མཁན་ནང་སའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་འཐུས་མི་ཚོགས་པ་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་འགག་སྒོ་བརྒྱུད་ཨའོ་མོན་དུ་འབྱོར་ནས་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།

     ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྤྱི་ཚོགས་རིག་གནས་སིའི་སི་ཀྲང་ཨོའུ་དབྱང་ཡུས་སོགས་བསུ་བ་ཞུ་བར་ཕེབས་པ་རེད།

     ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་དགོང་ཚིགས་བཤམས་ནས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མཁན་ནང་སའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་འཐུས་མི་ཚོགས་པ་ཨའོ་མོན་ལ་འཚམས་འདྲིར་ཡོང་བར་བསུ་བ་ཞུས་པ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་གིས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ནང་སའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་འཐུས་མི་ཚོགས་པ་སླར་ཡང་ཨའོ་མོན་ལ་འཚམས་འདྲིར་བཀོད་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

     རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཧོང་ལིའུ་ཆོན། ཨའོ་མོན་དུ་བཅའ་སྡོད་བཅིངས་འགྲོལ་དམག་གི་དཔུང་སྡེའི་སི་ལིང་ཡོན་ཡུས་ཁྲང་ཅང་། ཨའོ་མོན་དུ་བཅའ་སྡོད་ཕྱི་འབྲེལ་པུའི་གཞུང་དོན་ལས་ཤག་གི་ཆེད་མངགས་པ་གཞོན་པ་སུན་ཞང་དབྱང་སོགས་སྐུ་མགྲོན་དགའ་བསུ་ཞུ་བའི་དགོང་ཚིགས་ལ་ཞུགས་ཡོད་པ་རེད།

     ཧོ་དབྱི་ཁྲེང་གིས་ཤིས་ཚིག་སྒྲོན་སྐབས། འཐུས་མི་ཚོགས་པ་ཨའོ་མོན་དུ་འཚམས་འདྲིར་ཡོང་ནས་ཚང་མ་དང་རྒྱལ་ཁའི་དགའ་སྤྲོ་དང་མེས་རྒྱལ་དར་རྒྱས་གོང་འཕེལ་གྱི་གཟི་བརྗིད་མཉམ་སྤྱོད་བྱས་པས། ཨའོ་མོན་གྱི་གྲོང་མིའི་ཨོ་རྩལ་འགྲན་ཚོགས་ལ་བཅངས་པའི་བརྩེ་སེམས་ཀྱི་ཚ་རླབས་སླར་ཡང་འཕྱུར་ནས་སྤྱི་ཚོགས་ལས་རིགས་ཁག་གི་རྒྱལ་གཅེས་སྤྲོ་སེམས་དང་མི་རིགས་ཀྱི་སྤོབས་སེམས་འཕེལ་བ་རེད། ཉེ་བའི་ལོ་ཤས་རིང་། ཨའོ་མོན་གྱི་ལུས་རྩལ་བྱ་གཞག་ལ་ཡར་རྒྱས་ཆེན་པོ་བྱུང་བ་དེ་ནི་རྒྱལ་ཁབ་ཀྱིས་དུས་ཡུན་རིང་པོའི་ནང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་ཁ་འབྲལ་ཐབས་མེད། ཁོང་གིས་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་འབད་བརྩོན་འོག རྒྱལ་ཁབ་ཀྱི་ལུས་རྩལ་ཤེས་ལྡན་པ་དང་ལག་རྩལ་གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ཨའོ་མོན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་ལུས་རྩལ་ཆུ་ཚད་མཐོ་རུ་གཏོང་བར་སྔར་བས་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།