གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 09ཚེས་03ཉིན། 13:57】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
སྤྱི་ཚོགས་སྟོབས་ཤུགས་སྐུལ་སློང་བྱས་ནས་སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་ཀྱི་ལྟ་སྐུལ་ནང་ཞུགས་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་བྱ་ཆེད། ཉིན་ཤས་གོང་། ཧྲན་ཞི་ཞིང་ཆེན་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཧྲན་ཞི་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་འབྲེལ་གྱིས་《སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་ཉོ་ཚོང་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐེར་འདོན་བྱ་དགའ་ལག་བསྟར་ཞིབ་སྲོལ(ཚོད་ལྟ)》(གཤམ་དུ《ཞིབ་སྲོལ》ཞེས་བསྡུ་རྒྱུ)བཟོས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་ཉོ་ཚོང་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐེར་འདོན་ཧུར་ཐག་བྱ་རྒྱུའི་སྐུལ་ལྕག་བྱས་པ་རེད། 《ཞིབ་སྲོལ》དེ་2024ལོའི་ཟླ་9ཚེས་2ཉིན་ནས་ལག་ལེན་བསྟར་རྒྱུ་དང་གོ་ཆོད་དུས་ཡུན་ལོ་གཉིས་ཡིན་པ་རེད།
《ཞིབ་སྲོལ》ནང་ཁྲིམས་ལྟར་ཐེར་འདོན་ཞུ་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ཏེ་ཐེར་འདོན་ཞུ་མཁན་གྱི་གསང་སྲུང་ནན་པོ་བྱས་ཏེ་བྱེད་ཐབས་གང་རུང་ལ་བརྟེན་ནས་ཐེར་འདོན་ཞུ་མཁན་གྱི་འབྲེལ་ཡོད་ཆ་འཕྲིན་ཕྱིར་བསྒྲགས་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད། ཐེར་འདོན་བྱེད་མཁན་གྱིས་12325སོགས་ཐད་སྦྲེལ་ཁ་པར་དང་། སྲིད་གཞུང་གི་དྲ་ཚིགས། འཕྲིན་ཡིག་བཅས་དང་དེ་བཞིན་ཐབས་ལམ་གཞན་དག་བརྒྱུད་ཧྲན་ཞི་ཞིང་ཆེན་གྱི་རྫོང་རིམ་པ་དང་དེ་བཞིན་དེ་ཡན་གྱི་འབྲུ་རིགས་དང་གྲབས་གསོག་སྡེ་ཁག་ལ་ཐེར་འདོན་བྱས་ཏེ་སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་ཉོ་ཚོང་གཉེར་སྐྱོང་བྱེད་སྒོའི་ཁྲིམས་འགལ་སྒྲིག་འགལ་གྱི་དོགས་ཡོད་བྱེད་སྤྱོད་སྙན་སེང་ཞུ་ཆོག་གི་ཡོད་པ་རེད། 《ཞིབ་སྲོལ》ནང་ཐེར་འདོན་བྱ་དགའི་ཆ་རྐྱེན་དང་ཚད་གཞི་གཏན་འབེབས་བྱས་ཡོད་པ་སྟེ། ཚད་གཞི་མི་འདྲ་བར་གཞིགས་ནས་བྱ་དགའ་དམའ་ཤོས་སྒོར་1500དང་བྱ་དགའ་མཐོ་ཤོས་སྒོར་ཁྲི་15སྤྲོད་རྒྱུ་ཡིན་པ་རེད།