གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 08ཚེས་30ཉིན། 15:56】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉེ་ཆར། ཀྲུང་གོའི་ནགས་ལས་ཚན་རིག་ཁང་གི་ཆེད་མཁས་པས་ཞིན་ཅང་གི་རི་ཐང་ཚན་ཞིབ་ལས་དོན་ཁྲོད་ཞིན་ཅང་དབྱི་ཝུའུ་རྫོང་དུ་གྲམ་ཐང་དོམ་ཡོད་པ་ཐོག་མར་ཤེས་རྟོགས་བྱུང་། དེ་ཡང་ཞིན་ཅང་དུ་ཐོག་མར་ཤེས་རྟོགས་བྱུང་བའི་གྲམ་ཐང་དོམ་རེད།
གྲམ་ཐང་དོམ་ནི་དྲེད་མོང་གི་རིགས་རྒྱུད་ཅིག་གམ་རིགས་ཁྱུ་ཞིག་ཡིན་པ་དང་། འཛམ་གླིང་ཐོག་བྱེ་ཐང་གི་གྲམ་ཐང་དུ་འཚོ་བའི་དོམ་རིགས་གཅིག་པུ་དེ་ཡིན་ཞིང་། གཙོ་བོ་རྩི་ཤིང་ཁ་ཟས་སུ་བྱེད་པ་དང་། མོང་གོལ་རྒྱལ་ཁབ་ཀྱི“རྒྱལ་དོམ”རེད། དེ་ཡི་མོང་གོལ་རྒྱལ་ཁབ་ཀྱི་གོ་གནས་ནི་རང་རྒྱལ་གྱི་དོམ་ཁྲ་དང་གཅིག་མཚུངས་རེད།
ཀྲུང་གོའི་ནགས་ལས་ཚན་རིག་ཁང་གི་ཆེད་མཁས་པས་དབྱི་ཝུའུ་རྫོང་ནགས་རྩྭ་སྡེ་ཁག་ནས་གྲམ་ཐང་དོམ་ཡིན་དོགས་ཀྱི་འདྲ་པར་དང་བརྙན་བསྡུས་ནས་བརྟག་དཔྱད་བྱས་པ་བརྒྱུད། འདྲ་པར་དང་བརྙན་དེ་མོལ་གོལ་རྒྱལ་ཁབ་ཀྱི་གྲམ་ཐང་སྲུང་སྐྱོབ་ཁུལ་Aཁུལ་དང་ས་མཚམས་འབྲེལ་བའི་དབྱི་ཝུའུ་རྫོང་མ་ཡ་ཞང་དུ་པར་བརྒྱབ་པ་ཡིན་པ་ཤེས་རྟོགས་བྱུང་། དེའི་རྗེས་སུ་གཟུགས་དབྱིབས་གསལ་འབྱེད་དང་ཚན་རིག་ཞིབ་འཇུག་སྒྲིག་གཞིའི་གྲམ་ཐང་དོམ་ཞིབ་འཇུག་ཆེད་མཁས་པས་བསྐྱར་ཞིབ་བྱས་པ་བརྒྱུད། གྲམ་ཐང་དོམ་ཡིན་པ་གཏན་འཁེལ་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། དབྱི་ཝུའུ་རྫོང་ནགས་རྩྭ་སྡེ་ཁག་གིས་གཙོ་གནད་ས་ཁོངས་ཀྱི་རྩྭ་ཐང་དུ་ཕྱུགས་ཚད་བཀག་བྱས་པ་བརྒྱུད། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།