འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་16ཉིན།

༄༅།།སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་16ཉིན། 13:12】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཏིང་ཡ་སུང་།

    ཉིན་ཤས་གོང་། སློབ་གསོ་པུས་2023ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་གྲོན་དངུལ་བཏང་ཚུལ་གྱི་བསྡོམས་རྩིས་མྱུར་འཕྲིན་ཁྱབ་བསྒྲགས་བྱས་པ་རེད། མྱུར་འཕྲིན་ཐོག་ནས་མངོན་པར། 2023ལོར་རྒྱལ་ཡོངས་ཀྱི་སློབ་གསོའི་གྲོན་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་64595བཏང་བ་དེ་ལོ་གོང་མ་ལས་5.3%འཕར་བའི་ནང་རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་སྒོར་དུང་ཕྱུར་50433ཟིན་པ་དེ་ལོ་གོང་མ་ལས་4.0%འཕར་ཡོད།

    སློབ་གསོའི་མ་འཇོག་ནི་རྒྱལ་ཁབ་ཀྱི་ཕུགས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་མ་འཇོག་དང་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་ཞིག་རེད། ནན་ཅིང་སློབ་ཆེན་སློབ་གསོ་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཙུང་ཞའོ་ཧྭ་ཡིས“རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2023ལོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1260582ཟིན་པ་དང་དེ་ལྟར་རྩིས་བརྒྱབ་ན། 2023ལོར་རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་གྱིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་4%ཟིན་ཡོད། ཉེ་བའི་ལོ་ཤས་རིང་། རྙོག་འཛིང་ཆེ་བའི་དཔལ་འབྱོར་དུས་བབ་ལ་དམིགས་ནས་གྲུབ་འབྲས་4%རྒྱུན་མཐུད་ངང་བརྟན་དུ་བཏང་བ་དེ་ཐོག་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ངེས་གནས་གང་ལེགས་མངོན་པ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ཏང་དང་རྒྱལ་ཁབ་ཀྱི་ཆོད་སེམས་མངོན་ཡོད”ཅེས་བརྗོད།

     མྱུར་འཕྲིན་ཐོག་ནས་མངོན་པར། 2023ལོར་རྒྱལ་ཡོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་འབྲིང་དུས་མཚམས་ཀྱི་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ལ་འགྲོ་གྲོན་བསྡོམས་འབོར་སྒོར་དུང་ཕྱུར་5382དང་། སྒོར་དུང་ཕྱུར་28427 སྒོར་དུང་ཕྱུར་10154 སྒོར་དུང་ཕྱུར་17640བཅས་སོ་སོར་བཏང་བ་དག་ལོ་གོང་མ་ལས་4.7%དང་། 6.0% 6.2% 7.6%བཅས་སོ་སོར་འཕར་ཡོད། རིམ་ཁག་སློབ་གསོའི་འགྲོ་གྲོན་གཏོང་ཚད་དང་བསྡུར་ན་མཐོ་རིམ་སློབ་གསོའི་འགྲོ་གྲོན་མང་ཤོས་ཡིན་པ་རེད། “སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་མཐོ་རིམ་སློབ་གསོ་ནི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། 2023ལོར་རང་རྒྱལ་གྱི་མཐོ་རིམ་སློབ་གསོ་སྣ་ཚོགས་དང་ལེན་བྱེད་མཁན་ཁྱོན་ཁྲི་4763.19ཟིན་ཡོད། མཐོ་རིམ་སློབ་གསོས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཤེས་ལྡན་པའི་འདེགས་སྐྱོར་བྱས་མོད། འོན་ཀྱང་འཛམ་གླིང་གི་སློབ་གསོ་སྟོབས་ཆེན་རྒྱལ་ཁབ་ཀྱི་རིམ་མཚུངས་བསྡུར་བའི་ཁྲོད་རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་གྲོན་དངུལ་གྱི་གཞི་ཁྱོན་སྔར་བཞིན་ཅུང་དམའ་པོ་ཡོད་པས། འབྱུང་འགྱུར་མཐོ་རིམ་སློབ་གསོར་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། རིམ་པ་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་གི་གྲུབ་ཆ་ལེགས་སུ་གཏོང་བ། གྲོན་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རང་རྟོགས་ངང་རྩེར་སོན་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་ཀྱི་ཡོད”ཅེས་ཀྲུང་གོ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁྲུའུ་ཁྲའོ་ཧུའེ་ཡིས་བཤད།

     སློབ་མའི་ཆ་སྙོམས་འགྲོ་གྲོན་གཏོང་སྒོའི་གནས་ཚུལ་ནས་བལྟས་ཚེ། 2023ལོར་རྒྱལ་ཡོངས་ཀྱི་བུ་བཅོལ་ཁང་དང་། སློབ་ཆུང་དཀྱུས་མ། དམའ་འབྲིང་དཀྱུས་མ། མཐོ་འབྲིང་དཀྱུས་མ། འབྲིང་རིམ་ལས་རིགས་སློབ་གྲྭ། མཐོ་སློབ་དཀྱུས་མ་བཅས་ཀྱི་སློབ་མའི་ཆ་སྙོམས་སློབ་གསོའི་འགྲོ་གྲོན་གྱི་གཏོང་སྒོའི་བསྡོམས་འབོར་ཚང་མ་ལོ་གོང་མ་ལས་ཅུང་འཕར་ནས་འཕར་ཚད་8.8%དང་། 4.3% 2.7% 3.8% 0.7% 3.9%བཅས་སོ་སོར་ཟིན་པའི་ཁྲོད་བུ་བཅོལ་ཁང་གི་སློབ་མའི་ཆ་སྙོམས་སློབ་གསོའི་འགྲོ་གྲོན་འཕར་ཤུགས་ཆེ་ཤོས་ཡིན་པ་རེད། ཙུང་ཞའོ་ཧྭ་ཡིས“ཉེ་བའི་ལོ་ཤས་རིང་། སློབ་ཞུགས་གོང་གི་སློབ་གསོའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་མི་གྲངས་ཉུང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་རྒྱལ་ཁབ་ཀྱིས་སློབ་ཞུགས་གོང་གི་སློབ་གསོར་མ་དངུལ་གཏོང་ཚད་ཉུང་དུ་མ་བཏང་བར་དེ་ལས་ལྡོག་སྟེ་མང་དུ་བཏང་བ་དེ་ནི‘སློབ་ཞུགས་གོང་གི་སློབ་གསོའི་ཀུན་ཕན་འཕེལ་རྒྱས’ཀྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་ཞིག་རེད། གཞོན་ནུའི་བུ་བཙའ་དང་སློབ་གསོའི་ཁུར་པོ་ཡང་དུ་གཏོང་བར་དང་ཐོག་སློབ་ཞུགས་གོང་གི་སློབ་གསོ་ནས་འགོ་བཙུགས་ཏེ་ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་མི་སྒེར་གྱི་གསོ་སྐྱོང་འགྲོ་སོང་ཉུང་དུ་གཏོང་དགོས”ཞེས་བཤད།