གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 08ཚེས་15ཉིན། 15:14】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ཟླ་8ཚེས་14ཉིན་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་དོན། ཀྲུང་གོས་ཐོག་མར་ཉིང་རྡུལ་མཚོན་ཆ་མི་སྤྱོད་པའི་སྲིད་ཇུས་ལག་ལེན་བསྟར་བ་དང་ཉིང་རྡུལ་རང་སྲུང་འགོག་སྲུང་གི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རང་ངོས་ཀྱི་ཉིང་རྡུལ་སྟོབས་ཤུགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དགོས་མཁོའི་ཚད་དམའ་ཤོས་སུ་རྒྱུན་འཁྱོངས་བྱེད་པ་དང་། མི་སུ་འདྲ་ཞིག་དང་དམག་ཤུགས་འགྲན་བསྡུར་མི་བྱེད་ཅེས་བཤད་པ་རེད།
གསར་འགོད་པས། གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་ཟུར་པ་སྤྱི་མཐུན་ཏང་གི་འོས་མི་ཐེ་རོན་ཕུའུ་ཡིས་ཀྲུང་གོས་ཉིང་རྡུལ་མཚོན་ཆའི་བང་མཛོད་ཐད་ཨ་རིའི་“རྗེས་ཟིན་པ་དང་ཐ་ན་བརྒལ་སྲིད་”ཅེས་བཤད་པ་རེད། ཁོ་པས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་Xསྟེགས་བུའི་ཐོག ཁེ་ལས་མཁས་ཅན་མ་སི་ཁེའི་བཅར་འདྲི་དང་ལེན་བྱེད་སྐབས། “ཨུ་རུ་སུ་དང་ཨ་རི་ཨང་དང་པོར་སླེབས་པ་དང་ཀྲུང་གོ་རྗེས་སུ་ལུས་ཡོད། འོན་ཀྱང་ཡ་མཚན་སྤུ་ཙམ་ཡང་མེད། ཁོང་ཚོ་འཕེལ་རྒྱས་ཧ་ཅང་མགྱོགས་པོ་བྱུང་ཡོད་པས། མཐར་ཀྲུང་གོས་ང་ཚོའི་རྗེས་ཟིན་པ་དང་ཐ་ན་བརྒལ་ཡང་སྲིད་”ཅེས་བཤད་པ་རེད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
ལིན་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་འདེམས་བསྐོ་ཆེན་མོའི་གཏམ་བརྗོད་ལ་དཔྱད་གཏམ་སྤེལ་གྱི་མེད། ཀྲུང་གོའི་ཉིང་རྡུལ་མཚོན་ཆའི་བང་མཛོད་དང་ཨ་རི་གཉིས་རིམ་པ་གཅིག་པར་གཏན་ནས་མེད། དུས་མཚུངས་སུ་ཀྲུང་གོས་ཐོག་མར་ཉིང་རྡུལ་མཚོན་ཆ་མི་སྤྱོད་པའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཉིང་རྡུལ་རང་སྲུང་འགོག་སྲུང་གི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རང་ངོས་ཀྱི་ཉིང་རྡུལ་སྟོབས་ཤུགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དགོས་མཁོའི་ཚད་དམའ་ཤོས་སུ་རྒྱུན་འཁྱོངས་བྱེད་པ་དང་། མི་སུ་འདྲ་ཞིག་དང་དམག་ཤུགས་འགྲན་བསྡུར་མི་བྱེད་ཅེས་བཤད།