འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་15ཉིན།

༄༅།།དམག་འཁྲུག་མཚམས་འཇོག་རྒྱུའི་ཐད་འདི་ལྟར་བཤད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་15ཉིན། 14:24】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཚེས་14ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཀཱ་ཟར་ཡུན་རིང་དང་ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་འཇོག་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ས་ཁུལ་གྱི་གནས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད།

གསར་འགོད་པ་ཞིག་གིས། དབྱི་རན་གྱིས་ཧ་ཉི་ཡ་ཐེ་ཧེ་རན་དུ་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་ལ་འཁོན་ལན་སློག་པའི་རང་བཞིན་གྱི་རྡུང་རྡེག་གཏོང་རྒྱུའི་འཇིགས་སྐུལ་བྱས་པར་དམིགས་ནས། ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་དང་ཐད་ཀར་རམ་ཡང་ན་གཞན་བརྒྱུད་ཀྱི་འབྲེལ་གཏུག་བྱས་ཡོད་དམ། ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་ཕྱོགས་ལ་རྡུང་རྡེག་མི་བྱེད་པའི་སྐུལ་མ་བཏང་ཡོད་དམ། གལ་ཏེ་ཡིན་ན། རྒྱུ་རྐྱེན་གང་ཞིག་ཡིན་ནམ། ཀྲུང་གོ་ཕྱོགས་ཀྱིས་ཧ་མ་སིའམ་ཡང་ན་འབྲེལ་ཡོད་ཕྱོགས་གཞན་དག་གིས་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མོལ་ནང་མི་ཞུགས་རྒྱུའི་གཏན་འབེབས་བྱས་པའི་ཐད་འབྲེལ་གཏུག་བྱས་ཡོད་དམ་ཞེས་དྲིས་པ་རེད།

ལིན་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀཱ་ཟའི་གདོང་ཐུག་སྔ་མོ་ནས་ཞི་འཇགས་སུ་གཏོང་བ་མ་ཟད། དེའི་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་མུ་མཐུད་ཆེ་རུ་མི་འགྲོ་བའི་སྔོན་འགོག་བྱེད་དགོས་པའི་རེ་འབོད་ཐེངས་མང་བྱས་ནས། ས་ཁུལ་གྱི་ཛ་དྲག་གནས་བབ་ཞི་ལྷོད་དུ་གཏོང་ཆེད་ཐོག་མཐའ་བར་གསུམ་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་ཅེས་བཤད།

ཁོང་གིས“ཀྲུང་གོ་ཕྱོགས་ཀྱིས་ཀཱ་ཟར་ཡུན་རིང་དང་ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་འཇོག་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ས་ཁུལ་གྱི་གནས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། གདོང་ཐུག་དང་འགྲན་རྒོལ་སྔར་བས་ཆེ་རུ་མི་འགྲོ་བ་བྱེད་འདོད་ཡོད”ཅེས་བཤད་པ་རེད།