གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 08ཚེས་12ཉིན། 14:02】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། སྙེ་མོ་རྫོང་ཕུ་གསུམ་ཞང་ཕུ་གསུམ་གྲོང་ཚོའི་ཀུན་བཟང་ལྷ་མོ་ལ་པེ་ཅིང་སློབ་ཆེན་གྱི་བརྡ་ཐོ་འབྱོར་ཡོད།
2006ལོར་སྐྱེས་པའི་ཀུན་བཟང་ལྷ་མོས་མཐོ་འབྲིང་ལྷ་ས་སློབ་འབྲིང་དུ་སློབ་སྦྱོང་བྱས་ཡོད། ཞོགས་པའི་ལྷིང་ལྷང་གི་དཔེ་ཀློག་སྒྲ་ནས་མཚན་གུང་ཁེར་རྐྱང་གི་གློག་འོད་འོག་ཏུ་འབད་བརྩོན་བྱས་པའི་སྐར་མ་རེ་རེ་དང་སྐར་ཆ་རེ་རེས་ཁོ་མོའི་ཤེས་རིག་སྦྱངས་འདོད་དང་རེ་སྙེག་བདེན་དཔང་བྱས་ཡོད། མཐོ་འབྲིང་ལོ་རིམ་གསུམ་པའི་ཡིག་རྒྱུགས་གྲ་སྒྲིག་དུས་མཚམས་སུ་སློབ་སྦྱོང་གི་འཆར་གཞི་ཞིབ་ཕྲ་བཟོས་པ་དང་། གོ་རིམ་ལྡན་པའི་སྒོ་ནས་བརྒྱུད་རིམ་ལྡན་པའི་སྒོ་ནས་བསྐྱར་སྦྱོང་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་འབད་བརྩོན་ལྷོད་མེད་རྒྱུན་འཁྱོངས་བྱས་མཐར་པེ་ཅིང་སློབ་ཆེན་གྱི་སྔོན་འགོག་གསོ་རིག་ཆེད་ལས་སུ་བསྡུས་པ་རེད།
པེ་ཅིང་སློབ་ཆེན་གྱི་སློབ་མ་གསར་པ། ཀུན་བཟང་ལྷ་མོ།
སློབ་བསྡུ་བརྡ་ཐོ་འབྱོར་དུས་སེམས་འགུལ་ཆེན་པོ་ཐེབས་བྱུང་། དགེ་རྒན་གྱིས་སློབ་སྟོན་གནང་བ་དང་ཕ་མས་སྐུལ་མ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སློབ་ཆེན་ནང་ངས་ཆེད་ལས་ཤེས་བྱ་སློབ་སྦྱོང་ནན་ཏན་བྱས་ནས་རང་ཉིད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ལ། རྒྱུན་གཏན་གྱི་འཚོ་བའི་ཁྲོད་བྱ་དངོས་གསར་པར་ཚོད་ལྟ་བྱས་ནས་འཚར་ལོངས་ཡོང་བ་བྱ་རྒྱུ་ཡིན།