འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་27ཉིན།

༄༅།།སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།

—— དམག་ཡོངས་ཀྱི་དཔོན་དམག་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་27ཉིན། 10:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐུལ་སློང་བཀའ་རྒྱ་བཏང་ཡོད། ཉིན་ཤས་བསྟུད་མར། བྱང་རྒྱུད་ཀྱི་མཐའ་མཚམས་ནས་ལྷོ་རྒྱུད་ཀྱི་མཚོ་ཁོངས་བར་དང་། བྱེ་ཐང་ཆེན་པོ་ནས་གངས་ལྗོངས་ས་མཐོའི་བར་སོགས་ས་ཕྱོགས་གང་སའི་དམག་སྒར་ཚང་མའི་ནང་དུ་གསོན་ཉམས་དོད་པོའི་རྣམ་པའི་ཐོག་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་རྒྱུན་མཐུད་འཕྱུར་བཞིན་ཡོད་པ་རེད།

དམག་ཡོངས་ཀྱི་དཔོན་དམག་ཚོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་བསྒྲེངས་ནས་སེམས་ནུས་གཅིག་སྒྲིལ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་པ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་སྐྲུན་པ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

དམག་ཨུད་ལས་ཁུངས་ཀྱི་པུའུ་ཨུད་ཁག་དང་། དམག་ཨུད་ཀྱི་ཐད་གཏོགས་ལས་ཁུངས་ཁག དམག་ཨུད་མཉམ་འབྲེལ་དམག་རྒྱག་བཀོད་འདོམས་ལྟེ་གནས་བཅས་ཀྱི་ལས་བྱེད་པས་སློབ་སྦྱོང་བྱེད་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་མཐར་ཕྱིན་པ་བྱ་རྒྱུའི་ཆོད་སེམས་བརྟན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་མངོན་པ་དང་། དེ་ནི་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་གཞན་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་ཡོད་པ་རེད། འཐབ་ཁུལ་ཁག་དང་། དམག་རིགས་དཔུང་རིགས་ཁག དམག་ཨུད་ཀྱི་ཐད་གཏོགས་ཚན་པ་ཁག དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་བཅས་ཀྱིས། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལས་དོན་དེ་རྒྱ་ཆེ་དང་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་ཡིན་པས་ངེས་པར་དུ་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་དགོས་པ་མ་ཟད་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡང་བྱེད་དགོས་ཞེས་བརྗོད་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པས། མི་དམངས་དམག་དཔུང་སྤྱི་ཡོངས་རང་བཞིན་དང་གསར་བརྗེའི་རང་བཞིན་གྱི་སླར་གསོ་ཐུབ་ཡོད། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱིར་མིག་ལྟ་སྐབས། མེ་ཤུགས་འཕུར་མདའི་དམག་གི་ལུའེ་ཤོག་ཅིག་གི་དཔོན་དམག་གིས“ཀྲུའུ་ཞི་ཞི་ཅིན་ཕིང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག ཏང་གིས་འགོ་ཁྲིད་པའི་ང་ཚོ་མི་དམངས་དམག་དཔུང་གིས་སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མགྱོགས་མྱུར་འཕེལ་རྒྱས་བཏང་བས་འཛམ་གླིང་གི་རྩེར་སོན་ཕྱོགས་སུ་སྐྱོད་པའི་རང་འགུལ་ཐོབ་ཡོད” “རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་ནི་འགག་སྒྲོལ་དམག་འཐབ་ཅིག་ཡིན་པས། དམག་དཔུང་གིས་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱེད་དགོས་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་ཡང་བྱེད་དགོས་ཞེས་བཤད།

མཁའ་དམག་གི་ཚོད་ལྟའི་སྦྱོང་བརྡར་རྟེན་གཞི་ཞིག་གི་པུའུ་ཞིག་གི་འཕྲུལ་གཉེར་དཔོན་དམག་གིས་ལས་གནས་ཀྱི་ལག་ལེན་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་དང་བགྲོ་གླེང་བྱས་ཤིང་། ཚང་མས། ཏང་དང་མི་དམངས་ཀྱིས་སྔོན་ཐོན་དམག་ཆས་ང་ཚོའི་ལག་ཏུ་སྤྲད་ཡོད་པས། ངེས་པར་དུ་དམག་ཆས་གསར་པ་དང་། ལས་འགན་གསར་པ། རྣམ་པ་གསར་པ་བཅས་ལ་དམིགས་ཏེ་གནད་དོན་གལ་ཆེན་དང་དཀའ་གནད་ཀྱི་བློ་བསྡུས་འགག་སྒྲོལ་དང་མཉམ་འདྲེས་གསར་གཏོད་ལ་དམ་འཛིན་ཡག་པོ་བྱས་ཏེ། གནམ་གྲུ་ཡག་ཤོས་ལ་བདག་སྐྱོང་ཡག་ཤོས་བྱས་ནས་གོ་མཚོན་སྒྲིག་ཆས་འཛུགས་སྐྱོང་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།

འཆར་གཞི་ཆེན་པོ་ཇུས་འགོད་བྱས། རྒྱལ་ཁའི་དུང་བརྡ་ལྷང་ལྷང་གྲགས། དམག་ཡོངས་ཀྱི་དཔོན་དམག་ཚོས་ངོས་འཛིན་བྱས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུའི་ཐོག་གཅིག་སྒྲིལ་ཡོང་བ་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་བཅས་བྱས་ནས། དམག་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་དགོས།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་24ཉིན་འབྱོར་བའི་གློག་འཕྲིན)

(མཚམས་གཅོད་དང་དམ་ཆོས་མི་ཕམ་གྱིས་སྒྱུར་ཞུས་བྱས)