འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་9ཉིན།

༄༅།།མ་ལག་འདུས་གྲུབ་ལ་དེ་བས་མཐོང་ཆེན་བྱས་ནས་ཕྱོགས་ཁག་གི་སྒྱུར་བཅོས་ཕན་ཚུན་གཞོགས་འདེགས་དང་མཐུན་སྦྱོར་ནུས་ཆེ་ཡོང་བ་བྱེད་དགོས།

—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་27ཉིན། 10:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་རྒྱུ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཉམས་མྱོང་རྩ་ཆེན་ཞིག་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་ངེས་པར་དུ་ལག་ལེན་བསྟར་དགོས་པའི་རྩ་དོན་གལ་ཆེན་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང་མ་ལག་འདུས་གྲུབ་ལ་དེ་བས་མཐོང་ཆེན་བྱས་ནས་སྒྱུར་བཅོས་ཀྱི་ཁྱོན་ཡོངས་འཆར་འགོད་དང་མ་ལག་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་ཁག་གི་སྒྱུར་བཅོས་ཕན་ཚུན་གཞོགས་འདེགས་ཐུབ་པ་དང་མཐུན་སྦྱོར་ནུས་ཆེ་ཡོང་བ་བྱས་ཡོད།

དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེར་ནང་དོན་དང་ཁྱད་ཆོས་གསར་པ་མང་པོ་ཡོད། དེའི་ནང་གི་གལ་འགངས་ཆེ་ཤོས་ཤིག་ནི་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་དེ་བས་གལ་ཆེ་བས་སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ“དུས་རབས་འབྱེད་པ་ཞིག་ཡིན”ཟེར་བའི་ཕྱོགས་གལ་ཆེན་ཞིག་ནི་མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། བརྒྱུད་རིམ་ལྡན་པ་དང་སྤྱི་ཡོངས་ནས་ཇུས་འགོད་ཀྱིས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་རྐྱང་བཏོད་པ་དེ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྒྱུར་བཅོས་ལ་ཇུས་འགོད་དང་སྐུལ་འདེད་གཏོང་སྐབས་ངེས་པར་དུ་མ་ལག་གི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། འཐབ་ཇུས་ཀྱི་བསམ་གཞིག་དང་རྩོད་སྒྲུབ་ཀྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ། གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་དབྱེ་བ་འབྱེད་དགོས་པ་མ་ཟད། མ་ལག་འདུས་གྲུབ་ལ་དེ་བས་མཐོང་ཆེན་བྱེད་དགོས། སྒྱུར་བཅོས་བྱེད་ཐབས་མཐུན་སྦྱོར་ཚང་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ། ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་སྒྱུར་བཅོས་བྱེད་ཐབས་ཀྱིས་ཕྱོགས་གཅིག་ཏུ་ཤུགས་རྒྱག་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གཏན་འབེབས》ནང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་འོག ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུ་ཇུས་འགོད་བྱས་པ་དང་། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་དང་ཁྱབ་ཁོངས་གཞན་དག་ཁག་གི་སྒྱུར་བཅོས་སྤྱི་འདོམས་བཀོད་སྒྲིག་བྱས་པ། ཕྱོགས་ཡོངས་ཀྱི་སྒྱུར་བཅོས་ལ་མཐོང་ཆེན་དང་འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པར་མཐོང་ཆེན་བྱས་པ་ནི་དེའི་ཁྱད་ཆོས་གལ་ཆེན་ཞིག་རེད།

ངེས་པར་དུ་ངོས་འཛིན་གསལ་པོ་ཐུབ་པར་བྱེད་དགོས་པ་སྟེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་རེད། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུར་བསྐྱོད་དེ། མི་དམངས་རང་ཁྱིམ་རང་བདག་བྱུང་ཚུལ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཕྱོགས་གང་ས་ཅི་ཐད་ནས་ཞིབ་ཕྲ་དང་དངོས་ཡོད་ཀྱི་སྒོ་ནས་མཚོན་པར་བྱས་ཚེ། གཞི་ནས་གསོན་ཉམས་དོད་པ་དང་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་ཐུབ་པ་དང་། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་རེད། ནུས་ཤུགས་གང་ཡོད་འདོན་པ་དང་ནུས་པས་ལྕོགས་ཚོད་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མི་དམངས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མི་དམངས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་བསྐངས་ཚེ། གཞི་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་ཐུབ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་རེད། སྐྱེ་ཁམས་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ། རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་དོན་འཁྱོལ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཚེ། གཞི་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཐུབ་པ་དང་དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལེའུ་གསར་པ་རྩོམ་ཐུབ།

ངེས་པར་དུ་ངོས་འཛིན་གསལ་པོ་ཐུབ་པར་བྱེད་དགོས་པ་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པའི་རྨང་གཞི་གལ་ཆེན་ཞིག་རེད། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བསྟར་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་ཡག་པོ་ཡོང་བ་བཅས་བྱས་ཚེ། གཞི་ནས་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་ཏན་ཏིག་བྱེད་ཐུབ་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་དང་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཚེ། གཞི་ནས་དུས་བཀག་ལྟར་དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་འགན་སྲུང་ནུས་ལྡན་བྱེད་ཐུབ།

ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་ནི་གཏིང་ཟབ་ལ་ཁྱོན་ཡོངས་ཀྱི་སྤྱི་ཚོགས་འཕོ་འགྱུར་ཞིག་རེད་ལ། རྙོག་འཛིང་ཆེ་བའི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཀྱང་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་། མ་ལག་གི་འདུ་ཤེས་ཞེས་པའི་རྨང་གཞིའི་རང་བཞིན་ལྡན་པའི་བསམ་བློ་དང་ལས་ཀ་བྱེད་སྟངས་བེད་སྤྱོད་ཡག་པོ་བྱེད་པ། མ་ལག་འདུས་གྲུབ་ལ་མཐོང་དེ་བས་ཆེན་པོ་བྱེད་པ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་པར་བྱེད་པ། དམ་འཛིན་དངོས་སྒྲུབ་དང་ལས་དོན་སྒྲུབ་མཁས་བཅས་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འདི་ཉིད་རླུང་བརྟེན་རླབས་གཤགས་ཀྱིས་བརྟན་བགྲོད་རྒྱང་འཁྱོལ་ཐུབ་རྒྱུ་རེད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

(སྤེན་པ་ཚེ་རིང་གིས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)འ