འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་9ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་27ཉིན། 10:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འབྲུབ་འགོག་ཆུ་ལོག་སྔོན་འགོག་དང་གེགས་སེལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་7ཚེས་25ཉིན་ཚོགས་འདུ་འཚོགས་ནས་འབྲུབ་འགོག་ཆུ་ལོག་སྔོན་འགོག་དང་གེགས་སེལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། འདི་ལོ་རང་རྒྱལ་གྱི་གནམ་གཤིས་ཀྱི་གནས་ཚུལ་ཡག་པོ་དེ་ཙམ་མེད། དྲག་ཆར་འབབ་མང་བ་དང་། དུས་ཡུན་རིང་བ། གཙང་པོ་དང་ཆུ་བོའི་ཆུ་ལོག་ཐོན་སྔ་ལ་འཕེལ་ཚུལ་མགྱོགས་པ། ས་ཆ་ཁག་གཅིག་ལ་དྲག་ཆར་གྱི་གནོད་འཚེ་ཡང་ཡང་ཐོན་པ། འབྲུབ་འགོག་ཆུ་ལོག་སྔོན་འགོག་གི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བ་བཅས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་པ་དང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་འགན་འཁྲི་གཙང་སྒྲུབ་དང་ནུས་ཤུགས་གཅིག་སྒྲིལ་གྱིས་ཕྱར་བ་གྲུ་འདེགས་བྱེད་པ། བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག ཆེད་ལས་ཀྱི་རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་བཅས་ཀྱིས་བཀའ་འབྱོར་མ་ཐག་འཐབ་ས་མདུན་མར་སྐྱོད་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་ཀུན་སེམས་གཅིག་སྒྲིལ་གྱིས་ཁྱིམ་གཞིས་སྲུང་བའི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་མཉམ་དུ་བསྐྲུན་པས། འབྲུབ་འགོག་ཆུ་ལོག་སྔོན་འགོག་དང་གེགས་སེལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མིག་སྔར་རང་རྒྱལ་དུ་བདུན་པའི་ཟླ་སྨད་ནས་བརྒྱད་པའི་ཟླ་སྟོད་བར་གྱི་འབྲུབ་འགོག་འགག་རྩའི་དུས་མཚམས་སུ་སླེབས་པ་དང་། འབྲི་ཆུ་སོགས་འབབ་རྒྱུད་ཀྱི་ཆུ་ཁ་མཐོ་ཤོས་སུ་སླེབས་པར་སྔོན་འགོག རགས་ཁ་མི་ཤོར་བའི་སྔོན་འགོག འཁྱིལ་ཆུ་གཤོང་བ་སོགས་ཀྱི་གནོན་ཤུགས་ཆུང་དུ་ཕྱིན་མེད་པ། རྨ་ཆུ་དང་། ཧོའེ་ཧོ་གཙང་པོ། ཧའེ་ཧོ་གཙང་པོ། སུང་ཧོ་གཙང་པོ་དང་ལེའོ་ཧོ་གཙང་པོ་བཅས་ཀྱི་འབབ་རྒྱུད་དུ་ཆུ་ལོག་ཚབས་ཆེན་ཐོན་ཉེན་ཡོད་པ། རྒྱ་མཚོའི་རླུང་འཚུབ་ཉིས་བརྩེགས་ཀྱི་དུས་མཚམས་སུ་སླེབས་པ། འབྲུབ་འགོག་གི་དུས་བབ་སྔར་བས་ཛ་དྲག་ལ་རྙོག་འཛིང་ཆེ་བ་བཅས་ཡོད། དེར་བརྟེན་འབྲེལ་ཡོད་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཁག་གིས་ཐོག་མཐའ་བར་གསུམ་དུ་འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་གི་རྩ་བ་དེ་དམ་པོར་བཟུང་ནས་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ། འབྲུབ་འགོག་ཆུ་ལོག་སྔོན་འགོག་དང་གེགས་སེལ་གྱི་དམག་འཐབ་དྲག་པོའི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

ཚོགས་འདུའི་ཐོག་བསྟན་དོན། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས། ལྟ་ཞིབ་ཚད་ལེན་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྔོན་ཚུད་ཉེན་བརྡ་གནད་ལ་འཁེལ་ཚད་མཐོ་རུ་གཏོང་བ། སྔོན་ཚུད་ཉེན་བརྡ་དང་འཕྲལ་སྡོམ་བརྡ་ལན་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། བརྡ་ལན་གྱི་མྱུར་ཚད་མཐོ་རུ་གཏོང་བ། འགོག་སྲུང་གི་གཙོ་གནད་མངོན་གསལ་དོད་དུ་གཏོང་བ། གཞི་རིམ་གྱི་མཐའ་སྣེར་དམ་པོར་དམིགས་པ་བཅས་བྱས་ནས་ཉེན་ཁའི་ཁུལ་གྱི་མང་ཚོགས་སྔ་སྣུར་དུ་འཕྲལ་ཐག་ཆོད་པོས་གནས་སྤོ་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས།

ཆུ་རགས་དང་ཆུ་མཛོད་གལ་ཆེན་དང་རྨང་གཞིའི་སྒྲིག་བཀོད་བདེ་འཇགས་ཡོང་བའི་འགན་ལེན་ཏན་ཏིག་བྱས་ཏེ། འབྲུབ་འགོག་སྐོར་ཞིབ་དང་འགོག་སྲུང་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། ཆུ་རགས་བརྟན་པོ་མེད་ས་དང་། ལས་སྒྲུབ་ཉེན་ཁ་ཆེ་བའི་དུམ་བུ། ཉེན་ཡོད་ཆུ་མཛོད་བཅས་ལ་གཙོ་གནད་འགོག་སྲུང་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཉེན་ཁར་ཞིབ་བཤེར་དང་ཉེན་སེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གཙང་པོ་དང་ཆུ་བོ་ཆེན་པོའི་རགས་ཁ་གཏན་ནས་མི་ཤོར་བ་དང་ཆུ་མཛོད་ཆེ་གྲས་དང་། གཙོ་གནད། འབྲིང་གྲས་བཅས་ཀྱི་རགས་ཁ་གཏན་ནས་མི་ཤོར་བ་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་ལོག་སྔོན་འགོག་ལས་གྲྭ་བཀོད་གཏོང་བྱེད་པ་དང་ཆུ་ལོག་གསོག་ཁུལ་བེད་སྤྱོད་དང་གྲ་སྒྲིག་ཚགས་ཚུད་པོ་བྱེད་དགོས། ལྷོ་ཆུ་བྱང་འདྲེན་དང་། ནུབ་རླངས་ཤར་འདྲེན། གཞུང་ལམ་ལྕགས་ལམ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་། དེ་བཞིན་གྲོང་ཁྱེར་གྱི་ས་འོག་བར་སྟོང་དང་། ཟམ་པ། ཕུག་ལམ་སོགས་གཙོ་གནད་ས་ཆ་ཁག་ལ་དམིགས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔར་བས་གྲལ་བཤེར་དང་འཕྲལ་སྡོམ་བྱེད་ཐབས་དོན་འཁྱོལ་བྱས་ནས་བདེ་འཇགས་འཁོར་སྐྱོད་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་རྒུད་སྐྱོབ་བྱས་ཏེ་སྤྱི་འདོམས་བཀོད་སྒྲིག་དང་སྔོན་ཚུད་ནས་གྲ་སྒྲིག་བྱེད་པར་ཤུགས་སྣོན་རྒྱག་དགོས། བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། མེ་ཟོན། ཀྲུང་དབྱང་ཁེ་ལས་སོགས་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཕྲལ་སྡོམ་རྣམ་པ་རྒྱུན་འཁྱོངས་དང་གཅིག་གྱུར་བཀོད་གཏོང་ལ་ཉན་ནས་འཕྲལ་མར་ལས་དོན་སྒྲུབ་པ་དང་ལས་ཕྱོད་ཆེ་བའི་རོགས་སྐྱོབ་འགན་ལེན་བྱེད་དགོས། དུས་ཐོག་ཏུ་གེགས་སེལ་མ་དངུལ་གཏོང་བ་དང་། གེགས་སེལ་དངོས་ཟོག་དབོར་འདྲེན་བྱེད་པ། འགན་བཅོལ་སྐྱིན་ཚབ་འཇལ་མགྱོགས་སུ་གཏོང་བ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། མང་ཚོགས་སྨན་པ་བསྟེན་པ་དང་སློབ་མ་སློབ་འགོ་ཚུགས་པ་སོགས་ཀྱི་དགོས་མཁོ་འགན་ལེན་ཡག་པོ་བྱེད་དགོས། ཆུ་བེད་དང་། གློག་ཤུགས། འགྲིམ་འགྲུལ། འཕྲིན་གཏོང་སོགས་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ཉམས་བཟོ་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་སྒྲིག་འཛུགས་དང་སྣེ་ཁྲིད་བྱས་ནས་ཐོན་སྐྱེད་སླར་གསོ་དང་ཁྱིམ་གཞིས་བསྐྱར་དུ་སྐྲུན་དགོས། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལས་དོན་ཏན་ཏིག་བསྒྲུབས་ནས་ཞིང་ལས་ཀྱི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་དགོས། གནོད་འཚེ་ཕོག་ནས་དཀའ་ངལ་འཕྲད་པའི་མང་ཚོགས་ལ་སེམས་ཁུར་དང་རོགས་རམ་བྱས་ཏེ་གནོད་འཚེ་ཕོག་པའི་དབང་གིས་དབུལ་ཕོངས་སུ་འགྱུར་བ་དང་བསྐྱར་དུ་དབུལ་པོར་མི་འགྱུར་བ་བྱེད་དགོས། འཕྲལ་སྡོམ་འགན་སྲུང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་ཞོད་སེལ་ཉེན་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ཉེན་ཁ་ཆེ་བའི་ཆུ་མཛོད་དང་། ཆུ་བོ་འབྲིང་ཆུང་གི་ཆུ་རགས། ཆུ་ལོག་གསོག་འཇོག་ཁུལ་སོགས་ཀྱི་ཆུ་ལོག་སྔོན་འགོག་གི་ལས་གྲྭ་དང་ཞིང་ཁའི་འཁྱིལ་ཆུ་གཤོང་བའི་ཞན་ཆ་སེལ་བ། རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཡོངས་ཁྱབ་ཞིབ་བཤེར་གྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་པ། གཞི་རིམ་གྱི་འཕྲལ་སྡོམ་རྨང་གཞི་དང་སྟོབས་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ཕྱོགས་བསྡུས་གནོད་འཚེ་ཆུང་དུ་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཡུལ་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡུལ་ཕྱོགས་གཅིག་གི་བདེ་འཇགས་འགན་ལེན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྔོན་ཚུད་ནས་བཀོད་འདོམས་བྱེད་པ། འབྲེལ་ཡོད་ཕྱོགས་ཁག་གིས་གཞོགས་འདེགས་དམ་ཟབ་བཅས་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འཐབ་འཛིང་བཙན་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འབྲུབ་འགོག་ཆུ་ལོག་སྔོན་འགོག་དང་གེགས་སེལ་གྱི་འཐབ་ས་དང་པོར་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་འགན་འཁྲི་དང་དུ་བླངས་ནས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

(རིག་རྡོར་གྱིས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)འ