འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་26ཉིན།

༄༅།།གཙོ་གནད་འབུར་དུ་ཐོན་པར་དེ་བས་སྣང་ཆེན་བྱས་ནས་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་དགོས།

—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་26ཉིན། 13:24】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་བརྩི་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང་གཙོ་གནད་འབུར་དུ་ཐོན་པར་དེ་བས་སྣང་ཆེན་དང་། སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་མངོན་གསལ་དོད་པ། འཐབ་ཇུས་རང་བཞིན་དང་ཕྱོགས་ཡོངས་རང་བཞིན་གྱི་སྒྱུར་བཅོས་གལ་ཆེན་མངོན་གསལ་དོད་པ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པ། སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་མངོན་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་འགན་ཁ་གསལ་བཏོན་པ་མ་ཟད། ཤུགས་རྒྱག་ས་གཙོ་བོ་ཡང་གསལ་སྟོན་བྱས་ཡོད།

ཁྱབ་ཁོངས་གལ་ཆེན་དང་། ལས་འགན་གལ་ཆེན། ཚོད་ལྟ་གལ་ཆེན་བཅས་དམ་འཛིན་བྱས་པ་མ་ཟད། འགག་རྩའི་གཙོ་གཟུགས་དང་། འགག་རྩའི་ལྷུ་ཚིགས། འགག་རྩའི་མཚམས་ཚིག་བཅས་ཀྱང་དམ་འཛིན་བྱས་ཏེ། གཙོ་གནད་ལ་བརྟེན་ནས་སྤྱི་ཡོངས་ལ་སྣེ་ཁྲིད་བྱས་ཡོད། དེ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། གཙོ་གནད་ཚད་བརྒལ་མཐའ་འཁྱོངས་བྱས་ནས། ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་དམ་འཛིན་བྱས་ཏེ། སྤྱི་ཡོངས་དང་ཆ་ཤས་ཕན་ཚུན་ཆ་འགྲིག་དང་། རྩ་བཅོས་དང་ནན་བཅོས་ཟུང་འབྲེལ། རིམ་འཕེལ་དང་ཚད་བརྒལ་ཕན་ཚུན་འབྲེལ་མཐུད་བཅས་ཧུར་ཐག་བྱས་ཏེ། ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ་དང་གཙོ་གནད་ཚད་བརྒལ་ཕན་ཚུན་གཅིག་གྱུར་མངོན་འགྱུར་བྱས་ཚེ། གཞི་ནས་གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་པ་ལག་ལེན་ལས་ར་སྤྲོད་ཐུབ་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་ནི་སྔར་བཞིན་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་གཙོ་གནད་ཡིན། ལས་འགན་གཙོ་བོ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་པ། ‘གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས’མཐའ་འཁྱོངས་དང་དོན་འཁྱོལ་བྱེད་པ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པ་བཅས་བྱས་ནས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཡིན”ཞེས་ནན་བཤད་གནང་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གཏན་འབེབས》ནང་། 2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་ཚད་རྩ་བའི་ཆ་ནས་མངོན་འགྱུར་བྱེད་པའི་རྩ་གནད་གཏན་འཁེལ་བྱས་ཡོད་ལ། འབྱུང་འགྱུར་ལོ་ལྔའི་རིང་གི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་བཀོད་སྒྲིག་ཀྱང་བྱས་ནས་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་པར་སྣང་ཆེན་དང་ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཛུགས་པར་སྣང་ཆེན་བྱེད་པ་དེ་གཏན་འབེབས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན།

ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་སྲུང་གལ་ཆེན་ཞིག་ཡིན་པས། སྲིད་གཞུང་དང་ཁྲོམ་རའི་བར་འབྲེལ་བའི་ལྟེ་བའི་གནད་དོན་འདི་ཐག་གཅོད་ཡག་པོ་བྱེད་པ་དང“གློད་ནས་གསོན་ཤུགས་རྒྱས་པ”དང“དོ་དམ་ཡག་པོ་ཐུབ་པ”བྱས་ཚེ། གཞི་ནས་སྤྱི་ཚོགས་ཡོངས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་དེ་བས་འཕེལ་ཐུབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་སྒྱུར་བཅོས་ལ་སྣེ་ཁྲིད་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྕག་འདེབས་གཅུན་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཚེ། གཞི་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་ལེགས་ཆ་གསར་པ་གཏོད་ཐུབ་པ། ཚན་རིག་དང་མཐུན་པའི་སྤྱི་ཁོག་སྙོམས་སྒྲིག་དང་ཕན་ནུས་ལྡན་པའི་སྲིད་གཞུང་གི་བཅོས་སྐྱོང་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་ལེགས་ཆའི་ནང་གནས་ཀྱི་བླང་བྱ་ཡིན་པས། སྤྱི་ཁོག་སྙོམས་སྒྲིག་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ནོར་ཁྲལ་དང་དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་བཏང་ཚེ། གཞི་ནས་གཞི་ཆེའི་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་ཆེ་རུ་འགྲོ་ཐུབ་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྡོག་མེད་བླང་བྱ་ཞིག་ཡིན་པས། བཟོ་ལས་ཅན་གསར་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་སྤྱི་འདོམས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་མཉམ་འདྲེས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་འདྲ་མཉམ་བརྗེ་རེས་དང་ཕྱོགས་གཉིས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། གཞི་ནས་གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་དར་རྒྱས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ། སྒོ་དབྱེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཡིན་པས། ཕྱི་ཕྱོགས་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་གཏོད་བཅས་བྱས་ཚེ། གཞི་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་བར་མཐོངས་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་ངེས་ཡིན་པ་ངེས་པར་དུ་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱེད་དགོས།

སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཞིག་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཆེད་ཚན་དུ་བྱས་ནས་རྒྱས་བཤད་བྱས་ཡོད་ལ། སྡེབས་གཅིག་ཏུ་བཀོད་སྒྲིག་བྱས་ཏེ་2035ལོར་སླེབས་སྐབས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་བཅས་སྐྲུན་དགོས་པ་ཁ་གསལ་བཏོན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གཏན་འབེབས》ནང་། སློབ་གསོ་ཚན་རྩལ་ཤེས་ལྡན་པའི་སྒྲིག་སྲོལ་ལམ་སྲོལ་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བར་བཀོད་སྒྲིག་གལ་ཆེན་བྱས་ཡོད། ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་དང་། ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་བཅས་ཡིན་པ་དང་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་སློབ་གསོ་ཚན་རྩལ་ཤེས་ལྡན་པའི་སྒྲིག་སྲོལ་ལམ་སྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པ་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་ཧྲིལ་པོའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཚེ། གཞི་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་འབྲས་ཟབ་མོ་ཐོན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་སྣེ་ཁྲིད་ཐུབ་ངེས་ཡིན་པ་ངེས་པར་དུ་ཤེས་རྟོགས་གཏིང་ཟབ་བྱེད་དགོས།

རང་རྒྱལ་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུར་དམ་འཛིན་བྱས་ཚེ། ཕྱོགས་གཞན་གྱི་སྒྱུར་བཅོས་ལ་སྐུལ་གཏོང་ཆེན་པོ་མཁོ་འདོན་ཐུབ་པ་མ་ཟད་ཕྱོགས་གཞན་གྱི་སྒྱུར་བཅོས་ལ་དེ་མཚུངས་ཀྱིས་སྐུལ་འདེད་ཀྱང་ཐུབ་ངེས་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་གཙོ་གནད་འབུར་དུ་ཐོན་པར་དེ་བས་སྣང་ཆེན་དང་། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་པ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་ཆེ་རུ་གཏོང་བ། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་དང་། སྟེང་གི་བཀོད་པ་དང་དཔལ་འབྱོར་གྱི་རྨང་གཞི། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་བཅས་དང་དེ་བས་ལེགས་པ་འཚམ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེའི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་དང་ལྡན་པའི་སྒུལ་ཤུགས་སྣོན་ཐུབ་ངེས་ཡིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་པའི་གློག་འཕྲིན)

(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)