འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་24ཉིན།

༄༅།།《ས་མཐོའི་ཁུལ་གྱི་གྲོང་མིའི་བཟའ་བཅའི་ཕྱོགས་སྟོན(2023)》ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་24ཉིན། 16:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་དང་། ལྗོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་རྩོམ་འབྲི་བྱས་པའི《ས་མཐོའི་ཁུལ་གྱི་གྲོང་མིའི་བཟའ་བཅའི་ཕྱོགས་སྟོན(2023)》(གཤམ་དུ《ཕྱོགས་སྟོན》ཞེས་བསྡུ་རྒྱུ)གྱི་ཡོངས་བསྒྲགས་མཛད་སྒོ་ལྷ་སར་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།《ཕྱོགས་སྟོན》ནང་གཙོ་བོ་ས་མཐོའི་ཁོར་ཡུག་དང་མི་ཚོགས་ཀྱི་འཚོ་བཅུད་དང་། བཟའ་བཅའི་རྩ་དོན་དང་བསམ་འཆར་གྱི་ཆ་ཤས་བཅས་ནང་དོན་ཁག་གཉིས་ཚུད་ཡོད་པ་དང་། དེའི་བཟའ་བཅའི་རྩ་དོན་དང་བསམ་འཆར་ནང་། བཟའ་བཅའ་སྣ་མང་དང་ནས་སོགས་ཀྱི་འབྲུ་རིགས་ནི་བཟའ་བཅའི་རྨང་གཞི་ཡིན་པ་དང་། སྔོ་ཚལ་དང་ཤིང་ཏོག་མང་ཙམ་ཟ་བ་དང་ཉིན་རེར་རིགས་ལྔ་ཡན་ཟ་བ། སྲན་རིགས་དང་འོ་མའི་རིགས་མང་དུ་གཏོང་བ། ཤུན་མཁྲེགས་ཤིང་ཏོག་འོས་འཚམ་ཟ་བ། སྒོ་ངའི་རིགས་དང་། བྱ་ཤའི་རིགས། ཚགས་ཤའི་རིགས། ཉ་ཤའི་རིགས་བཅས་འོས་འཚམ་ཟ་བ་དང་ཉིན་རེར་ཁྱོན་ཁེ་220ལས་མི་བརྒལ་བ། ཚྭ་དང་། སྣུམ། མངར་ཆ་བཅས་ཉུང་དུ་གཏོང་བ། ཆང་རག་ཉུང་དུ་གཏོང་བ། དུས་ཐོག་ཏུ་ཁ་ལག་ཚད་རན་པོ་ཟ་བ་དང་ཉིན་རེར་ཆུ་འདང་ངེས་འཐུང་བ་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད།

《ཕྱོགས་སྟོན》དེ་ནི་ས་བབ་མཐོ་ཚད་སྨི་2500ཡན་ཟིན་པའི་ས་མཐོའི་ཁུལ་གྱི་གྲོང་མི་དང་། ལྷག་པར་དུ་མཚོ་བོད་ས་མཐོའི་ཁུལ་གྱི་ལོ་2ཡན་གྱི་སྤྱིར་བཏང་མི་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་ངང་ཟས་རིགས་འདེམས་པ་དང་། བཟའ་བཅའ་དོ་སྙོམས་ཡོང་ཐབས་བྱེད་པ། བདེ་ཐང་གི་གཟུགས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱེད་པ། བཟའ་བཅའ་དང་འབྲེལ་བ་ཡོད་པའི་གཅོང་ནད་སྔོན་འགོག་བྱེད་པའམ་ཡང་ན་ཉུང་དུ་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་མཛུབ་ཁྲིད་ནུས་པ་ལྡན་ཡོད་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)