འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་18ཉིན།

༄༅།།གྲོང་གསེབ་སློབ་ཆུང་གི་རྐང་རྩེད་སྤོ་ལོའི་རུ་ཁག་15མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྐང་རྩེད་སྤོ་ལོའི་དུས་ཚིགས་ཀྱི་རྒྱལ་ཡོངས་ཀྱི་གདན་ཞུས་འགྲན་བསྡུར་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་18ཉིན། 10:17】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2024ལོའི་ཡའོ་ཐེབས་རྩ·མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྐང་རྩེད་སྤོ་ལོའི་དུས་ཚིགས་ཀྱི་རྒྱལ་ཡོངས་ཀྱི་གདན་ཞུས་འགྲན་བསྡུར་སྐབས་དང་པོ་པེ་ཅིང་དུ་འགོ་ཚུགས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནང་ཁྱོན་གྲོང་གསེབ་སློབ་ཆུང་གི་རྐང་རྩེད་སྤོ་ལོའི་རུ་ཁག་15ཞུགས་ཡོད་པ་དང་མི་5ལུགས་ཀྱི་འགྲན་བསྡུར་གྱི་སྒྲིག་སྲོལ་སྤྱད་ཡོད། ལེགས་སྐྱེས་འགྲན་བསྡུར་གྱི་ཤུགས་རྐྱེན་ཆུང་དུ་གཏོང་ཆེད། འགྲན་བསྡུར་དེར་སྤྱིའི་ཨང་དང་པོ་བཟོས་མེད། དེའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ལུས་རྩལ་དེ་བས་ཀུན་ཕན་གྱི་སྒོ་ནས་ཁྱབ་གདལ་བཏང་སྟེ། གྲོང་གསེབ་ཀྱི་གཞོན་ནུ་ལོ་ཆུང་དང་བྱིས་པ་དེ་བས་མང་པོས་རྐང་རྩེད་སྤོ་ལོའི་ལུས་རྩལ་གྱི་སྤྲོ་སྣང་དང་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱ་རྒྱུ་དེ་རེད། འགྲན་བསྡུར་དེས་ཡའོ་ཐེབས་རྩའི་རེ་བའི་སློབ་ཆུང་གི་ལན་ཆིའུ་སྤོ་ལོའི་དུས་ཚིགས་ཀྱི་བུ་དང་བུ་མོ་མཉམ་བསྲེས་ཀྱི་སྒྲིག་སྲོལ་རྒྱུན་མཐུད་ནས་བུ་མོ་དེ་བས་མང་བ་འགྲན་བསྡུར་ནང་ཞུགས་ཏེ་རྐང་རྩེད་སྤོ་ལོའི་ལུས་རྩལ་གྱི་སྤྲོ་སྣང་མྱོང་རོལ་ཐུབ་པར་ལྕག་སྐུལ་བྱ་རྒྱུ་རེད།

    ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་སུང་ཁའེ་ཡིས་འགོ་ཚུགས་མཛད་སྒོའི་ཐོག མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྐང་རྩེད་སྤོ་ལོའི་དུས་ཚིགས་ཀྱིས་སྤྱི་ཕན་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་སློབ་གྲྭའི་རྐང་རྩེད་སྤོ་ལོ་འཕེལ་རྒྱས་ལ་རམ་འདེགས་ཀྱི་ཐབས་ལམ་འཚོལ་ཞིབ་ནུས་ལྡན་བྱས་པ་དང་། གྲོང་གསེབ་དར་རྒྱས་དང་མི་ཕྱོགས་ཡོངས་ནས་འཚར་ལོངས་སོགས་ཀྱི་ཐད་ནས་རྐང་རྩེད་སྤོ་ལོའི་སྟོབས་ཤུགས་དང་ལུས་རྩལ་གྱི་སྟོབས་ཤུགས་མངོན་པར་བྱས་ཡོད། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་སྤྱི་ཕན་གྱི་ཐོན་ཁུངས་དེ་བས་མང་བ་དེའི་ནང་ཞུགས་ནས་རྒྱ་ཆེའི་གྲོང་གསེབ་ཀྱི་གཞོན་ནུ་ལོ་ཆུང་དང་བྱིས་པས་རྐང་རྩེད་སྤོ་ལོའི་ལུས་རྩལ་ལས་བྱུང་བའི་བདེ་ཐང་དང་སྤྲོ་སྣང་ལོངས་སྤྱོད་ཐུབ་པར་མཉམ་དུ་རམ་འདེགས་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཡའོ་ཐེབས་རྩའི་དྲུང་ཆེ་ཡེ་ཏ་ཝེ་ཡིས། སྤོ་ལོ་བ་ཆུང་ཆུང་ཚོས་འགྲན་བསྡུར་ཁྲོད་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱེད་ཤེས་པ་དང་། རྐང་རྩེད་སྤོ་ལོ་ཁོང་ཚོ་དང་འཛམ་གླིང་གི་འབྲེལ་ཟམ་ལྟ་བུར་འགྱུར་རྒྱུའི་རེ་བ་ཡོད། ད་ཐེངས་ཀྱི་འགྲན་བསྡུར་འདི་འགྲན་ཞུགས་སྤོ་ལོ་བའི་ཚེ་གང་གི་རྩ་ཆེའི་དྲན་ཤེས་ལ་འགྱུར་ངེས་རེད་ཅེས་བརྗོད་པ་རེད།

    འགོ་ཚུགས་འགྲན་བསྡུར་ཁྲོད་ཧོ་པེ་ཧོང་ཨན་ལེ་ཉིང་སློབ་ཆུང་རུ་ཁག་གིས་5བསྡུར་3གྱི་གྲུབ་འབྲས་ཐོག་ནས་ཀོང་ཤིས་ཕིང་ཀོ་གྲོང་ཁྱེར་ཐའེ་ཕིང་གྲོང་རྡལ་ལྟེ་བའི་སློབ་ཆུང་རུ་ཁག་ལས་རྒྱལ་བ་རེད།