འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་16ཉིན།

༄༅།།ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་གཉེར་ལས་ཁུངས་མཐའ་སྲུང་སྡེ་ཚན་གྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་བཅུ་པ་ཧྲང་ཧའེ་རུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་16ཉིན། 13:42】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་གཉེར་ལས་ཁུངས་ཀྱི་མཐའ་སྲུང་སྡེ་ཚན་གྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་བཅུ་པ་ཧྲང་ཧའེ་རུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཁོངས་མིའི་རྒྱལ་ཁབ་ཀྱི་མཐའ་སྲུང་སྡེ་ཚན་གྱི“མཐུན་སྒྲིལ་མཉམ་ལས-2023”ཞེས་པའི་མཉམ་འབྲེལ་མཐའ་སྲུང་བྱ་སྤྱོད་སྤེལ་ཚུལ་ཕྱོགས་སྡོམ་བྱས་པ་དང་། ཁོངས་མིའི་རྒྱལ་ཁབ་ཀྱི་མཐའ་མཚམས་ཀྱི་དུས་བབ་སྐོར་སྤེལ་རེས་དང་ཚོད་སྐོར་བྱས་པ། 2025ལོའི་མཐའ་སྲུང་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ལས་ཀའི་འཆར་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ཐོག་མིང་རྟགས་ཀྱང་བཀོད་པ་རེད།

ཚོགས་འདུའི་བརྡ་ཁྱབ་གཞིར་བཟུང་། ཁོངས་མིའི་རྒྱལ་ཁབ་ཀྱི་མཐའ་སྲུང་སྡེ་ཚན་གྱིས་ས་ཁུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་མཁན་སྒྲིག་གཞིའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལ་གཞིགས་ཏེ། 2023ལོའི་ཟླ་8ཚེས་15ནས་ཟླ་10ཚེས་31ཉིན་བར་གྲོས་མོལ་བྱས་པ་བརྒྱུད་ངོས་འཛིན་གཅིག་མཐུན་བྱུང་བའི་མཐའ་མཚམས་འབྲེལ་བའི་ས་ཁུལ་དུ“མཐུན་སྒྲིལ་མཉམ་ལས-2023”ཞེས་པའི་མཉམ་འབྲེལ་མཐའ་སྲུང་བྱ་སྤྱོད་སྤེལ་ཞིང་། ཕྱོགས་ཁག་གིས་ཁྱོན་དམག་མི(ཉེན་རྟོག་པ)མི་ཐེངས་ཁྲི་3.36བཏང་བ་དང་། རྒྱལ་ནང་གི་མཐའ་མཚམས་དང་འབྲེལ་བ་ཡོད་པའི་སྡེ་ཚན་ལ་མཐུན་སྦྱོར་བྱས་ནས་མི་ཐེངས་ཁྲི་1.17བཏང་བ། འཁོར་རིགས་ཐེངས་5000ལྷག་ཙམ་བཏང་བ། ཐད་འཕུར་གནམ་གྲུ་ཐེངས་32བཏང་བ། གྲུ་གཟིངས་ཐེངས་66བཏང་བ། མི་མེད་གནམ་གྲུ་ཐེངས་200ལྷག་ཙམ་བཏང་བ། དེ་བཞིན་མཉམ་འབྲེལ་སྐོར་གཡེང་དང་། མཐའ་མཚམས་སྐོར་ཞིབ། མཉམ་འབྲེལ་ཐོག་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སྐོར་གྱི་ནང་སྦྱོང་སོགས་ཐེངས་3200ལྷག་ཙམ་བྱས་ཡོད། དེའི་རིང་ཁྱོན་ཁྲིམས་འགལ་བ་ཁྲི་1.2ལྷག་ཙམ་འཛིན་བཟུང་བྱས་པ་དང་། མཐའ་མཚམས་འགག་སྒོ་ནས་ཁྲིམས་འགལ་འགྲོ་འོང་བྱེད་མཁན་མི་ཐེངས་9600ལྷག་ཙམ་བཀག་བཤེར་བྱས་པ། མེ་མདའ་75དང་། མདེའུ་ཁྲི་1.38 དོ་དམ་བྱེད་པའི་གྲི་རིགས་ཆིག་སྟོང་ལྷག་ཙམ་བཅས་གཞུང་བཞེས་བཏང་བ། དུག་རྫས་ཏུན་8.8དང་ལྐོག་འདྲེན་དངོས་རྫས་ཏུན་1178.3ཞིབ་བཤེར་ཐུབ་ནས་གཞུང་བཞེས་བཏང་ཡོད། བྱ་སྤྱོད་སྤེལ་བར་ཕན་འབྲས་ཡག་པོ་ཐོན་པ་དང་སྔོན་གཏན་འཁེལ་བའི་དམིགས་ཚད་མངོན་འགྱུར་ཡང་བྱུང་ཡོད།

ཀྲུང་གོ་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས། ཚོགས་འདུའི་ཐོག་ཁོངས་མིའི་རྒྱལ་ཁབ་ཀྱི་མཐའ་སྲུང་སྡེ་ཚན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་དབར་བྱུང་བའི་འཐབ་ཇུས་ཐད་ཀྱི་ཐུན་མོང་ངོས་འཛིན་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱེད་པ་དང་། “ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཕན་ཚུན་ལྟ་སྐྱོང་དང་ཕན་ཚུན་གཉིས་ཀར་གྲུབ་འབྲས་ཐོབ་པར་བྱེད་པ། ཆབ་སྲིད་བདེ་འཇགས་དང་། འཇིགས་སྐུལ་ལ་ངོ་རྒོལ་དང་འཇིགས་སྐུལ་སྔོན་འགོག འགག་སྒོ་དང་མཐའ་མཚམས་ཀྱི་བདེ་འཇགས་སོགས་ཐད་ཀྱི་དངོས་སྒྲུབ་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་བཅས་བཏང་ནས་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁོངས་མིའི་རྒྱལ་ཁབ་ཀྱི་མཐའ་སྲུང་སྡེ་ཚན་དང་མཉམ་དུ་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་གཉིས་དང་ཕྱོགས་མང་གི་དངོས་སྒྲུབ་མཉམ་ལས་ཀྱི་ནང་དོན་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་བྱེད་ཐབས་གསར་གཏོད་བྱས་ཏེ། ལག་གདང་སྦྲེལ་ནས་ཁོངས་མིའི་རྒྱལ་ཁབ་ཀྱི་མཐའ་སྲུང་བདེ་འཇགས་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཅེས་བརྗོད་པ་རེད།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་སྒྲིག་གཞི་ལག་བསྟར་ཨུ་ལྷན་གྱིས། ཁོངས་མིའི་རྒྱལ་ཁབ་ཁག་གི་མཐའ་སྲུང་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ། ད་རེས་ཀྱི་ཚོགས་འདུའི་ཐོག་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་མཐའ་སྲུང་སྡེ་ཚན་དབར་གྱི་མཉམ་ལས་འབྲེལ་བ་དང་མཉམ་ལས་ལམ་སྲོལ་སྔར་ལས་ཟབ་ཏུ་གཏོང་བ། ས་ཁུལ་དེ་གའི“ངན་ཤུགས་གསུམ”དང་རྒྱལ་མཚམས་སྒྲོལ་བའི་ཁྲིམས་འགལ་ཉེས་གསོག་ལ་ལག་གདང་སྦྲེལ་ནས་རྡུང་རྡེག་གཏོང་བ་བཅས་ཀྱི་ཐོག་ནས་ས་ཁུལ་དེ་གའི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་ཆེད“ཧྲང་ཧའེ་མཉམ་ལས་རྩ་འཛུགས”ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)